ཡེ་སྟོང་ཟང་ཐལ་ཁྱལ་གདལ་ཀློང་ཡངས་ནས། །
གཉིས་འཛིན་ཀུན་བྲལ་རང་ཡལ་རྗེས་མེད་སོང་། །
གང་ཤར་རང་གྲོལ་རིག་པ་གཅེར་མཐོང་ཁྱེད། །
ཐུགས་ཡིད་དབྱེར་མེད་ངང་ནས་གུས་ཕྱག་འཚལ། །
རྟག་ཆད་མཐའ་བྲལ་སེམས་ཀྱི་ཆོས་ཉིད་ལ། །
བཟང་ངན་འཛིན་པ་བྲལ་བའི་སྣང་བ་འདི། །
སྤང་བླང་རེ་དོགས་མེད་པའི་དགོངས་པ་ཞེས། །
བཤེས་གཉེན་ཁྱེད་ཀྱིས་བདག་ལ་མངོན་སུམ་བསྟན། །
གཞི་མེད་རྩ་བྲལ་སེམས་ཀྱི་ཆོས་ཉིད་འདི། །
མ་བཅོས་རང་གསལ་རིག་སྟོང་རྗེན་ལ་ཕུད། །
ཁྱབ་བརྡལ་ཆོས་སྐུའི་དགོངས་པ་ཡིན་ནོ་ཞེས། །
ཞལ་གསུངས་དྲོད་མོ་ཡིད་ལ་ལམ་མེར་དྲན། །
ཚེ་རབས་སྔོན་ནས་འབྲེལ་བའི་སྨོན་ལམ་གྱིས། །
བདག་ནི་ཁྱེད་ཀྱིས་སྐལ་ལྡན་སློབ་མ་ཞིག །
ད་ལྟ་ཐུགས་རྗེའི་ལྕགས་ཀྱུས་མ་བོར་བར། །
མ་འོངས་དཀྱིལ་འཁོར་གཅིག་ཏུ་འཚང་རྒྱ་ཤོག །
ཁྱབ་བདག་ཆོས་སྐུ་རྡོ་རྗེའི་རང་བཞིན་ལ། །
འབད་བརྩོན་མེད་པར་ཡོན་ཏན་ལྷུན་གྲུབ་འབྱུང་། །
བྱ་སྩོལ་བྲལ་བའི་རྫོགས་ཆེན་རྣལ་འབྱོལ་པར། །
དབྱིངས་རིག་དབྱེར་མེད་ངང་ནས་བརྟན་བཞུགས་འབུལ། །
གནས་ངེས་མེད་ནས།