ལྟ་མགུར་སེམས་ཀྱི་རང་གཤིས།

文化   2024-12-10 20:33   西藏  



གཞི་མ་བཅོས་རང་སེམས་མངོན་སུམ་དུ་སྟོན་པ། །
ཕ་དྲིན་ཆེན་གྱི་བླ་མ་བཀའ་དྲིན་ཅན་མཁྱེན་ནོ། །
ཆོས་ཟབ་མོ་ཀུན་མཁྱེན་སྙན་བརྒྱུད་ཀྱི་གདམས་པ། །
དོན་མ་ནོར་ཐོལ་བྱུང་དགོངས་ཀློང་ནས་རྡོལ་བ། །


བུ་ལས་ཅན་སློབ་མའི་སྙིང་དབུས་ཀྱི་དཀྱིལ་དུ། །
སྙན་ལྷང་ལྷང་ཡེ་འབྱམས་རྨད་བྱུང་དུ་འུབ་ཆུབ། །
ལུས་ཤ་ཁྲག་ཕུང་པོ་ཞི་ཁྲོ་ཡི་ལྷ་ཚོགས། །
ངག་བཟང་ངན་སྣ་ཚོགས་རུ་ལུ་ཡི་རང་བཞིན། །


ཡིད་རྣམ་རྟོག་འདྲ་མིན་རྒྱལ་ཀུན་གྱི་ཐུགས་དགོངས། །
གཞི་ལྷ་སྔགས་ཆོས་སྐུ་དབྱེར་མེད་དུ་ཞོགས་དང་། །
སེམས་རྗེན་གཅེར་མཐོང་བའི་མན་ངག་དེ་མཇལ་ཚེ། །
གཤིས་རང་ཤར་རང་གྲོལ་ནམ་མཁའ་ལ་སྤྲིན་དེངས། །


དུས་ཀུན་དུ་ཆོས་སྐུ་རང་གནས་ཀྱི་བཙན་ས། །
ཆོས་ཐམས་ཅད་ཡེ་ཟད་ཆོས་དབྱིངས་ཀྱི་རོལ་རྩལ། །
དེ་མ་བཅོས་གནས་ལུགས་ཡེ་བབས་ཀྱི་རང་ཞལ། །
ལམ་མ་བཅོས་ཅོག་བཞག་རྣམ་བཞི་ཡི་ཉམས་ལེན། །


འབད་མི་དགོས་ཞེན་པའི་འཆིང་ཐག་དེ་རང་གྲོལ། །
དབྱིངས་ཆོས་ཟད་ཀློང་ན་ཁྱབ་བརྡལ་དུ་སྐྱོངས་ཤིིག །
གཞན་དགག་བཞག་སྤོང་གསུམ་ཚིག་སྐམ་གྱི་རིགས་ལམ། །
དེ་སྙན་སྙན་འདྲ་ཡང་ཉན་འདོད་ཅིག་མི་འདུག །


གཞུང་བརྒྱ་ཁྲག་མང་པོ་ཐོས་པ་ཞིག་བྱས་ཀྱང་། །
ལུས་དུག་ལྔ་དབང་ཤོར་རང་རྒྱུད་ནི་མི་ཐུལ། །
སེམས་རྣམ་རྟོག་རྒོད་པོས་དཔྱད་པ་ཞིག་བཟོས་ཀྱང་། །
དུས་རྒྱུན་དུ་འགྲོགས་པའི་ཉོན་མོངས་ནི་མི་སྤོང་། །


ད་དེ་འདྲའི་གཞུང་ལུགས་ཡུན་རིང་ཞིག་མ་སྦྱངས། །
མགྱོགས་མྱུར་དུ་སེམས་ཉིད་ངལ་གསོ་ཞིག་མཛད་རོགས། །
སེམས་ཉིད་ངལ་གསོ་དཔེ་ལྟས་ཞོར་དུ་མཉེས་ཐང་བདེ་བ་ཅན་ནས་གནས་ངེས་མེད་པས། 


早变仓
ངའི་འཕྲིན་སྟེཊ་ལ་མཉམ་ཞུག་ནི་ང་ལ་ཧ་ཅང་དགའ་བའི་རྣམ་འགྱུར་ཞིག་ཡིན།ངེས་ཀྱང་ཁྱེད་ལ་ཉི་མ་རེ་རེ་བཞིན་ལེགས་སྐྱེས་རེ་འབུལ་ངེས་ཡིན
 最新文章