ཁ་ལྟས་ཀྱི་སྐྱོ་སྣང་ཕྱི་ལ་ཤོར་བ།

文化   2024-11-28 20:42   西藏  
      ༄༅། །ཁ་ནང་ལྟས་ཀྱི་སྐྱོ་སྣང་ཕྱི་ལ་ཤོར་བ།

དཀོན་མཆོག་གསུམ་ལ་སྙིང་ནས་གསོལ་བ་འདེབས། །
རང་སེམས་རང་ངོ་ཤེས་པར་བྱིན་གྱིས་རློབས། །
འཁྱམ་པོའི་རང་སེམས་རང་ལ་ཁ་འཁོར་ནས། །
ལེགས་པ་དཔྱད་ན་མི་སྐྱོ་གཅིག་མི་འདུག །

འདི་ལྟར་སྣོད་བཅུད་ཉམས་པའི་དུས་དབང་གིས། །
སངས་རྒྱས་བསྟན་དང་སྐྱེ་དགུའི་བདེ་སྐྱིད་ཉམས། །
རང་དང་གཞན་གྱིས་སྤྱོད་ཚུལ་མཐའ་དག་ལ། །
བསམ་བཞིན་བསམ་བཞིན་སྐྱོ་བ་གཏིང་ནས་སྐྱེས། །

ངུར་སྨྲིག་གོས་ཀྱིས་རྟག་ཏུ་གཡོགས་ན་ཡང་། །
ཁྱིམ་པའི་སེམས་དང་ནམ་ཡང་མི་འབྲལ་བ། །
བསྟན་དང་འགྲོ་བའི་གནད་དོན་ཡིན་མདོག་ཁ། །
བསྟན་འཛིན་འདི་འདྲ་མཐོང་ཚེ་སྙིང་ནས་སྐྱོ། །

ཐོས་བསམ་སྒྲོ་འདོགས་གཅོད་པའི་བློ་མིག་དབེན། །
བསྙེན་སྒྲུབ་བྱ་བའི་ལས་ལ་འདུན་པ་བྲལ། །
བཟང་རྫུ་འུག་པ་སྦོས་ལྟར་ཁེངས་དྲེགས་ཅན། །
བདག་གིས་བདག་ལ་སེམས་པ་ལྷག་པར་སྐྱོ། །

གཡོ་སྒྱུའི་གདོང་གི་ཞལ་རས་འཛུམ་མུལ་མུལ། །
མགོ་བསྐོར་ཁྲམ་པའི་ཆོས་བཤད་སྙན་ལྷང་ལྷང་། །
སེམས་ནང་རང་གི་རྙེད་བཀུར་སྒྲུབ་མཁས་མཁས། །
འདི་འདྲའི་ཆོས་གཟུགས་མཐོང་དུས་ཡི་རེ་མུག །

ཉམ་ཐག་ཤི་གསོན་མང་པོའི་ནོར་རྫས་ལ། །
ཉི་མཚན་དབྱེར་མེད་ཧམ་སེམས་སྐྱེ་བའི་དུས། །
བརྩེ་བའི་སེམས་ཀྱིས་ཚིག་རྗེས་དོན་དྲན་ཙམ། །
མེད་ན་རང་གི་རང་ཉིད་མ་བསླུས་སམ། །

ད་ནི་ཚན་རྩལ་མཁས་པའི་འཕྲུལ་ཆས་ཀྱི། །
ཉིན་མཚན་དལ་མེད་དེ་ཡི་ངོ་ལ་གཡེང་། །
ཆགས་སྡང་གཉིས་པོས་ཤེས་རྒྱུད་ཇེ་གྱོང་ལས། །
ཡོན་ཏན་གསར་དུ་སྐྱེ་བ་ལྟ་ཅི་ཞིག །

སྔར་ཤེས་སྐྱབས་འགྲོ་ཙམ་ཡང་བརྗེད་ལ་ཁ། །
དལ་འབྱོར་ལུས་རྟེན་འདི་ཡང་དོར་ལ་ཁ། །
འདི་འདྲས་འགྲོ་ལ་ཕན་པ་ཕར་ལ་ཞོག །
རང་ཡང་ཅི་རེད་ཐེ་ཚོམ་ཤིག་གེ་ལུས། །

དེ་འདྲའི་ཆོས་གཟུགས་གསར་རྙིང་སུ་ཡིན་ཀྱང་། །
ཧང་ཧང་འཐོམ་འཐོམ་མི་ཚེ་མི་ཟད་པར། །
རང་གི་སྐྱོན་ཡོན་རང་གི་འཚོལ་ཐོབ་ན། །
ཐར་འདོད་ཅན་ལ་ཐབས་ཤེས་བཟང་ཤོས་ཡིན། །

དེ་ན་གཞན་གྱི་སྐྱོན་ཡོན་མི་འཚོལ་བར། །
རང་གི་སེམས་ལ་རང་གི་བདག་པོ་བྱེད། །
ལེགས་ཉེས་ཡིན་མིན་ཁ་འཁྱམས་མི་སྨྲ་བར། །
ཐོས་བསམ་སྒོམ་གསུམ་ནུས་ན་ཅི་མ་རུང་། །

རང་དོན་བསླུ་བའི་གཞན་དོན་ལྟར་སྣང་འདིས། །
སྔར་ཡང་དེའི་འཁོར་ད་ཡང་འདིར་འཁྱམ་པས། །
ད་ནི་ཚེ་འདིའི་ལྷག་མར་ཅི་ཡོད་དེ། །
རང་དོན་མ་འདྲེས་གཞན་དོན་བྱེད་ནུས་ཤོག །

དེ་ཡང་ཡུན་རིང་བསྐལ་པ་བརྒྱ་སྟོང་ཚེར། །
འགྲོ་རྣམས་མ་ལུས་བདེ་སྐྱིད་འབྱུང་བ་དང་། །
སངས་རྒྱས་བསྟན་པ་འཁོར་བར་མ་སྟོང་བར། །
དམ་ཆོས་སྤེལ་བའི་བྱེད་པོར་འགྱུར་བར་ཤོག །

༢༠༢༤/༡༡/༢༩ཉིན་གནས་ངེས་མེད་ནས་རྣམ་རྟོག་གི་རི་མོ་ཤོག་དཀར་གྱི་ངོས་ལ་ཕབ་པའོ།།  ༎


早变仓
ངའི་འཕྲིན་སྟེཊ་ལ་མཉམ་ཞུག་ནི་ང་ལ་ཧ་ཅང་དགའ་བའི་རྣམ་འགྱུར་ཞིག་ཡིན།ངེས་ཀྱང་ཁྱེད་ལ་ཉི་མ་རེ་རེ་བཞིན་ལེགས་སྐྱེས་རེ་འབུལ་ངེས་ཡིན
 最新文章