རྨོངས་མུན་གསལ་བྱེད་སུམ་ཅུ།

文化   2024-12-06 21:58   西藏  


                               
ཀ་དག་ཡུལ་སེམས་གཉིས་མེད་ཡེ་ནས་དག །

ཁ་དོག་སྤང་བླང་ཕྱོགས་རིས་དགག་སྒྲུབ་མེད། །
ག་དུས་བཟང་ངན་གང་ཤར་སྟོང་པ་ཉིད། །

ང་བདག་མཉམ་ཉིད་གཟའ་གཏད་ཀུན་དང་བྲལ། །

ཅ་ཅོ་ངེས་མེད་སྣང་བ་སྣ་ཚོགས་འདིར། །

ཆ་མེད་ཡ་མེད་ཕྱོགས་བྲལ་ཆེན་པོ་ཉིད། །
ཇ་ཆང་བཟང་ངན་མི་དམིགས་ནམ་མཁའི་ངང་། །

ཉ་དང་རང་ཡང་ཡེ་ནས་རྣམ་པར་དག །

ཏ་ཐཱ་ག་ཏའི་བསྟན་པ་ཡང་རྩེ་འདི། །

ཐ་སྙད་ཚིག་གིས་སྨྲ་བརྗོད་བྲལ་བའི་ངང་། །
ད་ལྟའི་ཆོས་རྣམས་མི་གནས་མཉམ་པ་ཉིད། །

ན་སོ་རྒས་གཞོན་བློ་བྲལ་གཉུག་མའི་དབྱིངས། །

པ་སངས་ལྟ་བུའི་གཟའ་སྐར་ཅི་ཤར་ཡང་། །

ཕ་བཟང་བུ་ལ་སྒྱུ་མའི་གྲོང་ཁྱེར་བཞིན། །
བ་གླང་ལ་སོགས་མེད་སྣང་བློ་བུར་བ། །

མ་སྐྱེས་ཡེ་རྫོགས་ཀུན་བཟང་དོན་གྱི་ལྷ། །

ཙ་དང་རྩེ་ཤིང་སྐྱེད་དངོས་སྣ་ཚོགས་འདི། །

ཚ་གྲང་སྟོབས་ཀྱིས་དབང་པོའི་ཡུལ་སྣང་ཙམ་། །
ཛ་དྲག་ཡུན་རིང་འཁྲུལ་བ་མ་ཆད་པ། །

ཝ་ལེ་ཝལ་ལེ་སྣང་བའི་རྫུན་ཕུག་སྟོར། །

ཞ་གོས་མ་སྤངས་འདོད་ཡོན་རྒྱན་དུ་རོལ། །

ཟ་མའི་ཡང་རྩེ་ཚོགས་ཀྱི་དགའ་སྟོན་ལ། །
འ་འུར་སྒྲ་ཡི་མཆོད་པ་དཔག་མེད་རྣམས། །

ཡ་མཚན་རྨད་བྱུང་གྲགས་སྟོང་བརྗོད་ལས་འདས། །

ར་ཀྟ་ལ་སོགས་ནང་གི་མཆོད་པ་དང་། །

ལ་ཐོད་ལ་སོགས་ཕྱི་མཆོད་གོས་ཀྱི་རྒྱན། །
ཤ་ཆེན་ཚིལ་ཆེན་གསང་བའི་མཆོད་པ་རྣམས། །

ས་གནོན་མཉམ་བཞག་མཉམ་ཉིད་ངང་ནས་མཆོད། །

ཧ་ཅང་ཟབ་པའི་ལྟ་བའི་ཉམས་མགུར་འདི། །

ཨ་བ་དྷཱུ་ཏཱིའི་ཀློང་ནས་ཤར་བ་ཡིན། །
ཧ་ཧ་ཧི་ཧི་ངང་ནས་བྲིས་པ་ཡིན། །

ཨ་ལི་ཀ་ལིའི་ཡིག་ངོར་ཕབས་པ་ཡིན། །

ཞེས་དུས་ཁྱད་པར་ཅན་སྟོན་པ་བཀའ་དྲིན་ཅན་གྱིས་བདེན་བཞི་ཆོས་འཁོར་སྐོར་བའི་ཉིན་ཉི་ཁྲི་གྲོང་འཁྱེར་ནས་ཤར་མ་དུ་བྲིས་པ་དགེའོ།། །།


早变仓
ངའི་འཕྲིན་སྟེཊ་ལ་མཉམ་ཞུག་ནི་ང་ལ་ཧ་ཅང་དགའ་བའི་རྣམ་འགྱུར་ཞིག་ཡིན།ངེས་ཀྱང་ཁྱེད་ལ་ཉི་མ་རེ་རེ་བཞིན་ལེགས་སྐྱེས་རེ་འབུལ་ངེས་ཡིན
 最新文章