འབྲོམ་སྟོན་པའི་གདམས་ངག་ཟབ་མོ་ཞིག རིག་འཛིན་སྒྲོལ་མས་དབྱངས་སུ་གྱེར

文化   2024-08-15 22:28   西藏  

འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས

  རབ་བྱུང་དང་པོའི་གོང་གི་ལོ་སྐོར་ཐ་མའི་ཤིང་འབྲུག (༡༠༠༤) ལོ་ནས་རབ་བྱུང་དང་པོའི་ཤིང་འབྲུག (༡༠༦༤) ལོ་བར་དགུང་ལོ་དྲུག་ཅུ་རེ་གཅིག་བཞུགས། འཁྲུངས་ཡུལ་ནི་བྱང་གི་གཉན་ཆེན་ཐང་ལྷའི་འོག་རྩ་སྒྱེ་མོ (འདམ་གཞུང་རྫོང་ཡངས་པ་ཅན་ཆུས་ཟམ་གསར་ཤང་བྱེ་ལུང་རུ་ཁག་གསུམ་པ) རུས་ཡང་གཞེར། ཡབ་རྟ་གསུམ་སྐུ་གཤེན་དང་ཡུམ་ཁུ་འོད་བཟའ་ལན་གཅིག་མ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་ངུ་ནས་ཡུམ་གཤེགས་རྗེས་ཡབ་ཀྱིས་མ་ཡར་གཅིག་བླངས་པས་རྒྱུན་དུསྡང་པོ་བྱས་པའི་རྐྱེན་གྱིས་ཁམས་སུ་བྲོས་ཕེབས།  བླ་མ་སེ་བཙུན་གྱི་སར་བཞུགས་ནས་ནང་གཡོགརྟ་ཕྱུགས་གསོ་བ། ཕྱེ་འཐག་པ་སོག་མཛད་པའི་ཞོར་ལ་སློབ་སྦྱོང་དང་མ་བྲལ་བར་གནང་།  ཞོར་ལ་པཎྜི་ཏ་སྨྲི་ཏི་ལས་སྒྲ་རིག་པ་དང་སཾ་སྐྲི་ཏའི་སྐད་བསླབས། དེ་ནས་མངའ་རིས་པུ་ཧྲེངས་རྒྱ་ཞིང་ཟེར་བའི་གྲོང་དུ་ཇོ་བོ་རྗེ་ཨ་ཏི་ཤ་དང་མཇལ་ཞིང་སྐུ་ཚེ་གཅིག་རིང་འབྲོམ་སྟོན་པས་ཇོ་བོ་རྗེའི་ནང་གཡོག་གཙོ་བོ་མཛད། རབ་བྱུང་དང་པོའི་མེ་བྱ་༡༠༥༧ལོར་རྭ་སྒྲེང་དགོན་པ་བཏབ། སྐུ་ཚེ་གཅིག་རིང་རྟེན་དགེ་བསྙེན་དུ་བཞུགས་པ་ལས་རབ་བྱུང་མ་མཛད་ཀྱང་བསླབ་ཁྲིམས་བསྲུང་བ་ལ་དགེ་སློང་ལས་ཀྱང་ལྷག་པ་མཛད།  མཐར་དགུང་ལོ་རེ་གཅིག་ལ་རྭ་སྒྲེང་དུ་སྐུ་གཤེགས།

དུང་དཀར་ཚིག་མཛོད་ཆེན་མོ་ལས་བཏུས།

འབྲོམ་སྟོན་པ་ཤུག་གསེབ་ན་བཞུགས་དུས།

བཀའ་གདམས་ལེགས་བཤད་གསེར་གྱི་ཕྲེང་བ་འདི། །འགྲོ་བ་སུ་ཡིས་བགྲང་ཡང་དོན་ཡོད་འགྱུར། །རེས་ཤིག་ལ་འབྲོམ་སྟོན་པས་རྭ་སྒྲེང་གི་ཁྱམས་སྟོད་ན། ན་བཟའ་མར་ཉིལ་དུ་བཅུག་ཅིང་། ཤངས་ཆབ་ཙར་རེ་འམ་སྣབས་མར་ལུག་ཏུ་བཅུག་ནས། བཤེས་སྤྲིངས་ནང་གི། འཇིག་རྟེན་མཁྱེན་པ་རྙེད་དང་མི་རྙེད་དང་། །བདེ་དང་མི་བདེ་སྙན་དང་མི་སྙན་དང་། །བསྟོད་སྨད་ཅེས་བྱ་འཇིག་རྟེན་ཆོས་བརྒྱད་པོ། །བདག་གི་ཡིད་ཡུལ་མིན་པར་མགོ་སྙོམས་མཛོད། །གསུང་བཞིན་བཞུགས་ཟེར། ཡང་སྐབས་འགར། བདག་ཅག་གྲོལ་བ་དོན་གཉེར་ལ། རྙེད་དང་བཀུར་སྟིས་འཆང་མི་དགོས།།གསུངས་སྟེ། ཐར་བ་དོན་གཉེར་ལ་རྙེད་དང་བཀུར་སྟི་དགོས་ཀྱང་མཁོ་བ་མི་འདུག་གསུང་བཞིན། ཤུག་པའི་སྡོང་གསེབ་ནས་ཕར་ཕེབས་ཚུར་ཕེབས་བྱེད་གསུངས། ཡང་སྐབས་འགར། བདག་ནི་རྙེད་མང་བཀུར་སྟི་བཅས། །བདག་ལ་མང་པོ་དགའ་འོ་ཞེས། །དེ་འདྲའི་བསྙེམས་པ་འཆང་གྱུར་ན། །ཤི་བའི་འོག་ཏུ་འཇིགས་པ་སྐྱེ། །གསུང་བཞིན་ཡར་ཕེབས་མར་ཕེབས་བྱེད་གསུངས། དེའི་ཕྱིར་ཆོས་བརྒྱད་ལ་མ་ཆགས་ཕན་ཆོད་དུ་གཞན་དོན་རྒྱ་ཆེན་འགྲུབ་པ་དང་རང་དོན་ཡང་ཕུགས་ནས་འགྲུབ་གསུངས། གང་ཟག་དབང་རྟུལ་ཞིག་ཡིན་ཕྱིན་རྒྱ་ཆེན་ཐོས་པ་བྱས་པས་ཆེན་པོ་མི་ཕན། ཉན་ན་ཚིག་མི་ཟིན། བསམ་ན་དོན་མི་གོ་བས་བླ་མ་དམ་པ་ཞིག་ལས། མན་ངག་གནད་ལ་འཁེལ་བ་ཉུང་བསྡུས་ཞིག་བླངས་ནས་སྒྲུབ་པ་གཙོ་བོར་བྱེད་རྒྱུ་གལ་ཆེན་ཡིན་གསུངས། ཚིག་མི་ཟིན་དོན་མི་གོ་བར། མི་ཚེ་གཅིག་ལ་ཐོས་པ་བྱེད་པ་ལ་པོ་ཏོ་བ་འང་མོས་པར་མི་འགྱུར་ཏེ།ཁོང་གིས་ངས་དེ་ལ་ཅོལ་ཆུང་བར་མཐོང་། སྙིང་པོ་མེད་པར་མཐོང་གསུངས། དེ་ཕྱིར་བེའུ་བམ་སྔོན་པོ་ལས། ཐོས་པ་དག་ལ་བརྩོན་འགྲུས་རྩོམ་པ། །ཤེས་རབ་ཞན་ཅིང་འཛིན་སོགས་ཞན་པས། །ཐོས་པ་གཙོ་བོར་བྱ་བར་མ་གནང་། །མན་ངག་དག་གིས་སྒྲུབ་པ་གཙོར་བྱ། །ཐོས་པས་བག་ཆགས་ཡོན་ཏན་ཆེ་ཡང་། །དེ་བས་རླབས་ཆེ་སྒྲུབ་པས་དུས་འདའ། །གསུངས། བརྗོད་བྱ་འདི་དོན་གཞན་ན་མ་མཆིས་པས། །རྗོད་བྱེད་འདི་ཡང་དེ་འདྲར་མཁྱེན་པར་མཛོད། །ཚིག་མགོ་འབྲོམ་སྟོན་རྒྱལ་བའི་བཀའ། །ཚིག་རྔ་འགྲོ་མགོན་འཕགས་པའི་གསུང་། །འདི་ལ་ཡི་དམ་བྱས་གྱུར་ན། །བཀའ་གདམས་བྱིན་རླབས་སྙིང་ལ་འཇུག །


高原尼姑网站
࿐སྐུ་ཉིད་མཐོ་སྒང་ཇོ་མོའི་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།🌻
 最新文章