ཆོས་ཉིད་དབང་མོས་གྲྭ་བ་ཟ་ཉལ་མཁན་རྣམས་ལ་སྤྲིངས་པ།

文化   文学   2024-07-27 20:02   西藏  

༄༅། །ནོར་རྫས་སྙིང་པོ་མེད་ཟེར་ནས་ཟ་ཉལ་བྱེད་མཁན་ཚོར་སྤྲིངས་པ།

            ཆོས་ཉིད་དབང་མོ། (ཡུལ་ཤུལ།)


ངར་འཛིན་དགྲ་རུ་བལྟས་ནས་འཐབ་དགོས་ཟེར། །

འཐབས་ནས་རྒྱལ་ཁ་སུ་ལ་ཐོབ་འདུག་གམ། །

སྐྱེ་འཆི་རྩད་ནས་སྤངས་ཏེ་གྲོལ་དགོས་ཟེར། །

གྲོལ་བའི་འབྲས་བུ་སུ་ཡིས་བླངས་འདུག་གམ། །


མི་ཆོས་མ་འགྲུབ་ལྷ་ཆོས་བསྒྲུབས་སོ་ལོ། །

མི་ལུགས་མི་ཤེས་ལྷ་ལུགས་བྱེད་དོ་ལོ། །

ཀྱེ་མ་མཐའ་འཁོབ་བོད་ཀྱི་ཡུལ་གྲུ་འདི། ། 

མུན་པའི་འཇིག་རྟེན་ཟེར་བ་དོན་ལ་གནས། །


གསར་པ་ཁབ་རྩེ་ཙམ་ཞིག་བཟོ་མ་ཤེས། །

རྙིང་པ་ལག་མཐིལ་ཙམ་ཞིག་བཏང་མ་ཕོད། །

ཐ་ན་གཞན་གྱིས་བཟོས་པ་བཀོལ་མ་ཤེས། །

གླེན་པ་བ་ལང་བལྟ་བུས་བོད་ཡུལ་ཁེངས། །


འཁྲིས་ཀྱི་དབུལ་ཕོངས་ཙམ་ཡང་བསྐྱབ་མི་ཐུབ། །

གམ་གྱི་ཡིག་རྨོངས་ཙམ་ཡང་སེལ་མི་ནུས། །

ད་རུང་ཁ་ནས་སེམས་ཅན་ཐམས་ཅད་ཅེས། །

སྟོང་གཏམ་གླེང་པའི་ཤོབ་རྒན་ཁྲི་མ་འབུམ། །

ཚོ་ཚད་བཟས་ནས་ལྟོ་བ་ཕག་ལྟར་འབུར། །

ཞིབ་ཚད་བཏུངས་ནས་ཨོག་མ་རི་ལྟར་ལུག །

ད་རུང་ནོར་རྫས་སྒྱུ་མའི་ཕུང་པོ་ལ། །

སྙིང་པོ་མེད་དོ་ཟེར་བའི་ཁྲམ་རྒན་མང་། །


གྲོང་ཁྱེར་ཆེ་ཁག་ཙམ་ལ་འགྲིམ་མི་ཤེས། །

མི་ཚོགས་བརྒྱ་སྟོང་ཁྲོད་ནས་མགོ་བོ་འཁོར། །

ད་རུང་དམྱལ་ཁམས་བཅོ་བརྒྱད་སྐོར་བྱས་ནས། །

ཤི་གསོན་སྐད་ལན་ཁྱེར་བའི་རྫུན་རྒན་མང་། །


འདི་ལྟར་བསམ་ན་འུ་ཚོའི་རྗེས་ལུས་ཀྱི།།

འཆིང་ཐག་ཆོད་པའི་དུས་དེ་ནམ་ཞིག་འོང་།།

རྨོངས་ཞྭ་འབུད་པའི་དུས་དེ་ནམ་ཞིག་འོང་།།

བློ་ལྡན་གཞོན་ནུ་རྣམས་ཀྱིས་དཔྱད་པར་འོས།།


སྲིད་པ་འདི་ལ་སྡོད་མཁན་འུ་ཚོ་ཡིན། །

དགའ་སྐྱོའི་གླུ་དབྱངས་ལེན་མཁན་འུ་ཚོ་ཡིན། །

འདི་ཉིད་བོར་ན་དག་པའི་ཞིང་ཁམས་ཤིག །

ཡོད་དོ་ཟེར་བ་རྫུན་གྱི་བསླུ་བྲིད་ཡིན། །


བདག་མེད་མ་ཡིན་བདག་གི་ཁྱིམ་སྲིད་ཡོད། །

སྟོང་ཉིད་མ་ཡིན་འཁོར་བ་བདེན་པར་གྲུབ། །

སྙིང་པོ་ཡོད་དེ་སངས་རྒྱས་བྱང་སེམས་ཀུན།།

སྲིད་པའི་གླིང་ཁ་འདི་ལ་འཁོར་ཕྱིར་རོ།།


དེ་བས་ཁྱོད་དང་ང་དང་ཁོང་ཅག་ཀུན། །

འདོད་པའི་ནོར་སྒྲུབས་དགའ་བའི་ཁྱིམ་གཞིས་ཁྱོངས། །

དྲོ་བའི་ཐབ་ཚུགས་ཞིམ་པའི་ཇ་ཆང་བཀོལ། །

གཅེས་པའི་བུ་ཁྲིད་མཛའ་བའི་གཉེན་ཁྱོངས་ཤིག །


ཡང་ན་མི་ལ་བཞིན་དུ་རི་ལ་སོང་། །

འཁོར་བའི་ཁྱིམ་ལ་ཕྱིར་མིག་ཙམ་མ་བལྟ། །

ཡང་ན་འབྲུག་སྨྱོན་བཞིན་དུ་སྨྱོ་བར་གྱིས། །

ཆོས་བརྒྱད་གློག་འགྱུ་ཙམ་རེ་མ་འཁྲབ་ཨང་། །


ཡང་ན་ས་པཎ་བཞིན་དུ་ཐོས་པ་གྱིས། །

པཎ་གྲུབ་བརྒྱ་ལ་འཇིགས་ཞུམ་མེད་པ་གནོངས། །

ཡང་ན་བུ་སྟོན་ལྟ་བུའི་བསམ་རྒྱ་སྐྱེད། །

གཞུང་བརྒྱ་འབྱེད་པའི་ལྡེ་མིག་བལྟ་བུ་བྱོས། །


དེ་མིན་གྲྭ་གོས་གྱོན་པ་དོན་རེ་ཆུང་། །

གནག་སྣུམ་སྐྲ་ལོ་བཅད་པ་དགོས་པས་དབེན། །

དམངས་ཀྱི་དཀོར་ནག་ཟོས་པ་ངོ་རེ་ཚ། །

དབེན་པར་མི་ཚེ་ཟད་པ་སྙིང་པོས་དབེན། །


ཞེས་པ་ཨ་ཁུ་བན་རྒན་ཤོབ་རྐྱལ་འགའི་གཏམ་ལ་ཉན་རྗེས་ཆོས་ཉིད་དབང་མོས་ཤར་མར་བྲིས་སོ། །

ངའསངའསདབའབཱབ༾༾༿ཌ༂༂༿༃༿ངདསབམདམབངམདབ་གངགངདབངདབངདངབ་ངགག་མགམག

高原尼姑网站
࿐སྐུ་ཉིད་མཐོ་སྒང་ཇོ་མོའི་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།🌻
 最新文章