༄༅། །འགོག་མེད་ཉམས་དགའི་ཚིག་ཕྲེང་དྭངས་གསལ་ཤེལ་གྱི་མེ་ལོང་།

文化   2024-03-09 10:32   西藏  


1







   ༄༅། །འགོག་མེད་ཉམས་དགའི་ཚིག་ཕྲེང་དྭངས་གསལ་ཤེལ་གྱི་མེ་ལོང་།

                               ལྕམ་པ་ཧ་ལོ།

གསལ་སྟོང་འཛིན་མེད་མཉམ་བཞག་སྒྱུ་མའི་ལུས། ། 
  རྩ་རླུང་ཐིག་ལེ་རབ་དྭངས་སྙིང་གི་དབུས། །
  མི་གཡོ་ལྷུན་རྫོགས་ཀུན་བཟང་ཆོས་ཀྱི་སྐུ། །
  སྤང་བླང་བྱ་རྩོལ་བྲལ་བ་སྐྱབས་ཀྱི་མཆོག །

མཁྱེན་རབ་ཕུལ་ཕྱིན་རྗེ་བཙུན་འཇམ་དཔལ་དབྱངས། །
མི་ཡི་གར་བསྒྱུར་ཀློང་ཆེན་ཆོས་ཀྱི་རྗེ། །
སྔ་འགྱུར་ཤིང་རྟའི་སྲོལ་འབྱེད་ཟླ་བྲལ་བ། །
ནམ་ཡང་འོད་ཀོར་འཁྱིལ་ལེ་སྤྱི་བོས་ལེན། །

 དམ་པའི་མཚན་གྱི་ལོ་འདབ་ཕྱོགས་རྫོགས་པ། །
མདོ་སྔགས་ལམ་ལས་ཡེ་ཤེས་ཆུ་བོའི་རྒྱར། །
སིམ་ཕྱིར་ལེགས་དགུ་སྩོལ་བའི་ཡི་དམ་གྱི །
ལྷ་གཅིག་དྲིན་ཅན་རྩ་བའི་བླ་མར་འདུད། །

ཤིང་འབྲུག་རྟ་ཟླའི་ཡར་ཚེས་འཆར་ཙམ་ལ། །
བཀྲ་ཤིས་དགེ་མཚན་ལྷུན་པོའི་གསང་གྲོས་ཐུལ། །
ཆོས་ཀྱི་དགའ་སྟོན་བསུ་བའི་ཕྱག་དར་དང་། །
བདུད་ལས་རྣམ་པར་རྒྱལ་ཕྱིར་གསོལ་བ་བཏབ། །

ལྷར་བཅས་འཇིག་རྟེན་ཀུན་གྱི་མཆོད་འོས་ཤིག །
ཆོས་ཀྱི་སྟན་ལ་ཞབས་སོར་ལེགས་འཁོད་དེ། །
ཀློང་གསལ་དྲི་མེད་ཀུན་མཁྱེན་ཆོས་རྗེའི་གསུང་། །
ཆེས་ཆེར་བསྒྲགས་པས་བྲག་ཆའང་རོལ་མོར་ཁྲོལ། །

མཚམས་དེར་སྟོང་ལ་ཉེ་བའི་སློབ་ཚོགས་ལ། །
དཀྱིལ་འཁོར་ཀུན་འདུས་རྩ་བའི་བླ་མ་ཡིས། །
སྨིན་བྱེད་དབང་བསྐུར་ཀ་དག་ཁྲེགས་ཆོད་ཀྱི། །
གནས་ལུགས་རྟོགས་ཆེད་དངོས་གྲུབ་སྒོ་འཕར་ཕྱེ། །

ཐེག་པའི་རྩེ་རྒྱལ་མན་ངག་རྫོགས་པ་ཆེའི། །
ཆོས་དབྱིངས་ཞིང་ཁམས་སྤྲོ་བའི་ཁྲི་སྟེང་ནས། །
ཀུན་གཞིའི་རྒྱལ་ས་མྱུལ་བའི་ཐར་འདོད་ཁྱུར། །
སྤྲོས་བྲལ་བདུད་རྩིའི་ཆོས་ཆར་རབ་ཏུ་བསྙིལ། །

རྣམ་ཀུན་བརྩོན་པར་རློམ་ཡང་གནད་ཆོལ་བས། །
སྲིད་པའི་གྲོང་དུ་ཨ་ཐང་ཆད་དུས་དེར། །
ཁྱུང་ཆེན་གཤོག་རླབས་གཡོ་བའི་འགྱུ་བག་གིས། །
སླར་ཡང་འོད་ཀྱི་ལམ་བསྟན་དྲིན་ཅན་རྗེ། །

ཐུན་མོང་ལེགས་ཚོགས་འཁོར་ལོའི་ཤུགས་འཆང་དང་། །
ཐུན་མིན་ལྷག་པའི་ལྷ་ཡི་བྱིན་མཐུ་ལས། །
སྙིགས་དུས་འགྲོ་ལ་འདི་ལྟའི་སྐལ་བཟང་གང་། །
དངོས་སུ་མྱོང་བ་འདི་ཀོ་ཨ་ཧོ་ཡ། །

གསར་གཤེགས་མཁན་པོས་ལུང་རྒྱུན་བདུད་རྩིའི་འོད། །
སུ་ལས་ཞུས་དང་གང་གིས་སྩལ་བ་སོགས། །
དད་གསུམ་གོམ་པས་གཞལ་བའི་ཁུངས་དང་བཅས། །
ངག་གི་སྒྲོག་གུ་བརྟོལ་ཏེ་གསལ་ཁ་གཏད། །

ལྷག་ཏུ་ཀུན་མཁྱེན་ཆེན་པོའི་གསུང་འབུམ་ལས། །
གང་ཉིད་གཙོ་དང་མ་བུའི་དབྱེ་བ་དང་། །
གང་ལ་ཐུན་མིན་ཁྱད་ཆོས་ཅི་མཆིས་སོགས། །
ངོ་མཚར་གཏམ་གྱིས་བུ་མོའི་ཐོས་འཛིན་མྱོས། །

གཞན་ཡང་ལེའུའི་བར་དང་མཇུག་མཚམས་སུ། །
དེ་དང་དེར་འབྲེལ་དམ་པའི་སྐྱེས་ཆེན་འགའི། །
བཅོས་མིན་རྣམ་ཐར་བྱིན་རླབས་ཉམས་དང་བཅས། །
འཛུམ་བག་ཞི་བའི་གླེང་མོ་ལྷུག་པར་སྩལ། །

གང་སྐུ་ན་ཚོད་ལྕུག་ཀྱང་བློ་གྲོས་ཀྱི། །
བསམསྤྱོད་མཁྱེན་པ་རྒྱས་པའི་མེ་ཏོག་དང་། །
ལྷུན་པོའི་སྤོ་ལ་འགྲན་པའི་བསོད་ནམས་འབྲས། །
གྲུབ་པ་གང་ཉིད་ཞབས་པད་བརྟན་གྱུར་ཅིག །

དེ་ལྟའི་ངོ་མཚར་ཆོས་ཀྱི་གཟིགས་མོ་ལ། །
འབྱུང་བཞི་དག་ཀྱང་མི་བཟོད་ཕྲག་དོག་གིས། །
འགྲན་པ་བཞིན་དུ་རླུང་གི་སུན་མ་དང་། །
ཚ་དྲོད་མི་སྙོམ་ལྷག་ཏུ་གྲང་ངར་སྟེར། །

ནག་ཕྱོགས་ཁྲོས་པས་ནད་ཀྱི་འཚེ་བ་ལ། །
སྤྱིར་ན་རྒྱལ་བསྟན་འཛིན་ལ་དགའ་བ་དང་། །
ཡང་སྒོས་འཕགས་མ་སྒྲོལ་མར་སྒོམ་ཤིག་ཅེས། །
གདམས་པའི་མོས་ལ་ལྷིང་ངེར་འཆམས་ལ་ཕབ། །

སུན་མིང་ཅན་དང་བྱ་ཁྱི་རྒྱ་ཁྱི་ཚོ། །
ལྷས་རའི་མཐའ་ལ་ལྡིང་སྐོར་མང་བྱེད་ཀྱང་། །
རྫི་བོའི་ར་མདའ་དཀར་ཕྱོགས་ལྷས་སྦྲན་པས། །
འཚམ་པར་མ་ཐུབ་གནོད་པའི་བརླག་མ་རྙེད། །

མཐུན་པའི་ཉེ་འབྲེལ་གཙོ་དཔོན་ཡང་དཔོན་དང་། །
གཡོས་སྦྱོར་བཟའ་བཏུང་བཤོམས་པའི་ལས་མ་སོགས། །
ཀུན་གྱིས་བསྲན་པའི་དཀའ་ཐུབ་སྣ་ཚོགས་ཀྱང་། །
བཟོད་པའི་ཚོགས་ཆེན་རྒྱལ་ཁའི་རྒྱུ་རུ་གྱུརད། །

སྟོང་བཞི་བརྒྱ་གཉིས་མཚོ་ཕག་མཐོན་པོའི་གནས། །
རི་ཁྲོད་དང་མཚུངས་ཞལ་ཟས་ཅ་དངོས་ཀྱི། །
ཞབས་ཏོག་རིམ་གྲོའི་རྣམ་པ་མ་འཛོམས་པར། །
ཉིད་ཀྱི་སྐུ་ལ་རབ་ནོངས་བཟོད་པར་གསོལ། །

མཇུག་ཏུ་བླ་སློབ་ཚོམ་བུའི་དཀྱིལ་འཁོར་དབུས། །
འཆད་རྩོད་རྩོམ་གྱི་མཆོད་པའི་སྤྲིན་ཕུང་དག །
ཟབ་དོན་གླུ་རུ་ལེན་པའི་མཁན་པོ་ལ། །
བཀའ་དྲིན་བླ་ན་མཐོ་བའི་སྐྱེས་སུ་ཕུལ། །

རིམ་དགུའི་ཐེག་པ་ཉམས་ལེན་སྙིང་པོའི་བཅུད། །
མ་ནོར་ཡོངས་སུ་ལེན་པའི་གདེང་ཐོབ་ནས། །
ཚེ་འདི་ཉིད་ལ་ཚོགས་གཉིས་ཡོངས་རྫོགས་སྟེ། །
གདོད་བཅས་འོད་སྐུར་དེངས་པའི་བཀྲ་ཤིས་ཤོག །

སྲིད་ཞིའི་མཆོད་སྡོང་གསུང་རབ་རྔ་གསང་སྒྲ །
ཐོས་པའི་སྦྲང་ཆར་བྱིན་རླབས་ཆུ་བོའི་རྒྱུན། །
དངོས་གྲུབ་མ་ལུས་བཏུངས་པའི་དགེ་རྩ་དག །
མ་རྒན་འགྲོ་བ་རྣམ་མཁྱེན་ཐོབ་ཕྱིར་བསྔོའོ། །

སྡེབ་ལེགས་སྙན་པའི་བརྩམ་ཆོས་ཞིག་མིན་ཡང་། །
དགའ་བའི་ཚོར་བ་སྤྲོ་བའི་ཉམས་རྒྱས་ཏེ། །
ཉག་ཉོག་ཡི་གི་བདེན་པའི་སོར་རྩེ་ནས། །
འགོག་མེད་ཐལ་བ་དྲན་གསོའི་མེ་ལོང་ཡིན། །


དེ་ཡང་བོད་རབ་བྱུང་༡༧ཤིང་འབྲུག་ལོ་ཆོ་འཕྲུལ་ཟླ་བའི་བཀྲ་ཤིས་དུས་བཟང་ལ་ཡང་དག་གཟིགས་པའི་སྤྱན་དང་ལྡན་པ་སྔ་འགྱུར་བསྟན་པའི་གསལ་བྱེད་ཆེན་པོ་༧ཀུན་མཁྱེན་ཀློང་ཆེན་པ་མཆོག་གིས་གསུང་རབ་དྲི་མེད་ནོར་བུའི་ལུང་རྒྱུན་ལེགས་པར་སྩལ་བའི་བཀའ་དྲིན་དྲན་གསོའི་བརྗེད་བྱང་དུ་ཆོས་གཟུགས་ཚུལ་མིང་ནས་གསུང་འབུམ་ཆེན་མོའི་ཞལ་གྲངས་དང་མཐུན་པར་ཚིགས་སུ་བཅད་པ་དགེ་ལེགས་སུ་གྱུར་ཅིག །





2024 3 1             

                                            

高原尼姑网站
࿐སྐུ་ཉིད་མཐོ་སྒང་ཇོ་མོའི་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།🌻
 最新文章