མི་ཚེའི་ཁ་ཕྱོགས། བཙུན་མ་བྱང་ཆུབ་ལྷ་མོ་ནས།

文化   2023-12-29 16:59   西藏  

མི་ཚེའི་ཁ་ཕྱོགས།

རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་པར།།

རྣམ་མང་འགྲོ་ལ་སྙིང་རྗེས་ཆེར་བསྐུལ་ཏེ།།

རྣམ་པ་དགེ་བའི་གཤེས་ཀྱི་སྐུར་བཞེངས་པ།།

རྣམ་དཀར་དད་པས་སྤྱི་བོའི་གཙུག་ཏུ་བསྙེན།།


ཐོས་བསམ་སྒོམ་དང་འཆད་རྩོད་བརྩམ་པ་ཡི།།

མཁས་བཙུན་བཟང་པོའི་རྣམ་ཐར་ལས་བྱུང་བའི།།

ཡ་རབ་ཚུལ་མཐུན་དམ་པའི་ལུགས་བཟང་གི།

དྲི་ཙམ་མེད་ཀྱང་ཕྱི་དྲན་བརྗེད་ཐོ་ཙམ།།


སྲིད་དང་ཞི་བའི་སྐྱོན་ཡོན་ལེགས་རྟོགས་ནས།།

གཏན་དུ་ཞི་བའི་ལམ་དེ་འཚོལ་མིན་ཡང་།།

འཕྲལ་སྣང་དད་དགེ་ཞིག་གིས་རྐྱེན་བྱས་ཏེ།།

དབེན་པའི་རི་ངོགས་ཤིག་ལ་གོམ་ཁ་བསྒྱུར།།


གནག་སྣུམ་དབུ་སྐྱེས་སྐྲ་ལོ་ཚོན་ཁར་སྦྱིན།།

གོས་ནག་དོར་ངན་མེ་ལྕེར་ཞུགས་སུ་ཕུལ།

མགོ་རིས་ངུར་སྨྲིག་གྱོན་པའི་བཙུན་མ་རུ།།

བསླབ་གསུམ་རྒྱུད་ལྡན་ཞིག་གི་སྐལ་བ་ཐོབ།།


གཞོན་པའི་ལང་ཚོ་དབྱར་གྱི་འཇའ་ཚོན་འདྲ།།

མཛེས་པར་སྣང་ཡང་རེས་འགའ་སྐད་ཅིག་ཙམ།།

འགྱུར་མེད་གཏན་གྱི་མཚར་སྡུག་མཚན་དཔེའི་སྐུ།།

ཁོ་བོས་ཡིད་ཡུལ་སྨོན་པ་དེ་ཁོ་ན།།


མཚན་ལྡན་བླ་མས་བརྩེ་བས་རྗེས་སུ་བཟུང་།།

བགྲོད་པའི་ལམ་མཆོག་ཐེག་དགུའི་མན་ངག་གནད།།

སྙན་ནས་སྙན་དུ་བརྒྱུད་པའི་གདམས་ཟབ་དག།

བདག་གི་རྣ་བར་སོན་པའི་སྐལ་བཟང་ཐོབ།།


ཐུན་མོང་ཐུན་མིན་རྒྱ་ཆེན་གཞུང་ལུགས་ལ།།

འཆད་རྩོད་རྩོམ་པས་མཐའ་རྒྱ་མ་ཆོད་རུང་།།

ཐེག་པ་རིམ་བགྲོད་རྟེན་ཅིང་འབྲེལ་འབྱུང་ལ།།

འཇུག་པའི་བག་ཆགས་བགོས་པའི་བསོད་ནམས་ལྡན།།

སྐྱེ་དམན་བུད་མེད་ཞིག་གི་ལུས་རྟེན་ལ།།

ཡོངས་འཛིན་དམ་པས་རྗེས་བཟུང་གདམས་པ་བསྩལ།།

བསླབ་གསུམ་ངུར་སྨྲིག་འཆང་བའི་ལས་དབང་འདི།།

བསྐལ་མང་ཚོགས་གཉིས་ཤིག་གིས་འཕང་པར་ཤེས།།


མ་འོངས་མི་ཚེ་ཡུད་ཙམ་གནས་པ་ལ།།

དཔལ་མགོན་བླ་མ་དམ་པའི་གསང་གསུམ་ལས།།

ནམ་ཡང་འགལ་མེད་ཁོང་གི་ཞབས་འབྲངས་ཏེ།།

བརྩེ་བའི་གདམས་བདག་རྒྱུད་གྲོལ་བར་ཤོག།


ཅེས་བཙུན་མིང་ཙམ་འཛིན་པ་བྱང་ཆུབ་ལྷ་མོ་ནས།

高原尼姑网站
࿐སྐུ་ཉིད་མཐོ་སྒང་ཇོ་མོའི་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།🌻
 最新文章