༸ཧའོ་རིན་པོ་ཆེའི་གསུངས། ལེན་མཁན། ཟླ་བའི་སྲས་མོ།

文化   2024-08-19 20:30   西藏  

༡༽ ཕྱི་རུ་བདུད་ཀྱི་ཆོ་འཕྲུལ་རླུང་ལྟར་འཁྲུག །

ནང་དུ་ཆགས་སྡང་དུག་ཆུའི་རྦ་རླབས་ཕྱུར། །

གསང་བ་སེམས་ཀྱི་ཉམས་སྣང་ཡ་མ་ཡུད། །

སྐྱོ་བྱུང་སྐྱོ་བྱུང་ཨོ་རྒྱན་དྲན་ཞིང་སྐྱོ། །


༢༽ ཕྱི་རུ་བསྟན་པའི་སྡེ་ཆེན་མཐའ་རུ་ཐོར། །

ནང་དུ་བརྩེ་དུང་ཡལ་གའི་ར་ལག་གྱེས། །

གསང་བ་སེམས་ཉིད་ཆོས་སྐུའི་ཚུགས་མི་བརྟན། །

སྐྱོ་བྱུང་སྐྱོ་བྱུང་ཨོ་རྒྱན་དྲན་ཞིང་སྐྱོ། །  


༣༽ ཕྱི་རུ་རང་གཞན་སྣང་བ་གཡེང་མ་ལམ། །

ནང་དུ་ཉམས་ལེན་སྙིང་པོ་ཆུ་བཞིན་གྲང་། །

གསང་བ་སེམས་ཀྱི་སྐྱོ་སྣང་ཆེས་ཆེར་རྡོལ། །

སྐྱོ་བྱུང་སྐྱོ་བྱུང་ཨོ་རྒྱན་དྲན་ཞིང་སྐྱོ། །


༤༽ ཕྱི་རུ་དགུན་འཁྱགས་བ་མོས་ཡོངས་སུ་བསྡམས། །

ནང་དུ་གཟུང་འཛིན་སེམས་ཀྱིས་དམ་དུ་བསྡམས། །

གསང་བ་གཉིས་སྣང་བག་ཆགས་ཀུན་གྱིས་བསྡམས། །

སྐྱོ་བྱུང་སྐྱོ་བྱུང་ཨོ་རྒྱན་དྲན་ཞིང་སྐྱོ། །


༥༽ ཕྱི་རུ་ཅི་ཡིན་མེད་པས་ཡུན་དུ་བསྡམས། །

ནང་དུ་ག་ཡིན་མེད་པས་རིང་དུ་བསྡམས། །

གསང་བ་སེམས་ཉིད་དབྱིངས་སུ་དང་ན་ཡང་། །

སྐྱོ་བྱུང་སྐྱོ་བྱུང་ཨོ་རྒྱན་དྲན་ཞིང་སྐྱོ། །


༦༽ ཕྱི་ཡི་ས་གཞི་ཡོམ་ཡོམ་ཡང་ཡང་བསྐྱོད། །

ནང་གི་སྙིང་རྩ་ཡང་ཡང་ཁྲག་ལྟར་དཀྲུག །

གསང་སེམས་ཀུན་རྟོག་ཐུར་རླུང་བཞིན་དུ་འབུད། །

སྐྱོ་བྱུང་སྐྱོ་བྱུང་ཨོ་རྒྱན་དྲན་ཞིང་སྐྱོ། །


༧༽ ཡང་སྐྱོ་ཕྱི་རུ་དམ་སྲིའི་ཆོ་འཕྲུལ་གཡོ། །

ནང་དུ་ཕན་ཚུན་བཙོག་རེས་ནང་འཁྲུག་བྱེད། །

གསང་སེམས་རང་མགོ་རང་གིས་གཡོག་རེས་འདིས། །

སྐྱོ་བྱུང་སྐྱོ་བྱུང་ཨོ་རྒྱན་དྲན་ཞིང་སྐྱོ། །


༨༽ ཡང་སྐྱོ་ཕྱི་རུ་བདེན་པའི་བུ་ཆུང་འཆི། །

ནང་དུ་མཐུན་སྒྲིལ་ཨ་མ་རྒན་མོ་འཆི། །

གསང་སེམས་བདེ་བའི་ཕ་རྒན་ནད་ཀྱིས་ཟིན། །

སྐྱོ་བྱུང་སྐྱོ་བྱུང་ཨོ་རྒྱན་དྲན་ཞིང་སྐྱོ། །  

  

ཆོས་གྲོགས་དམ་པ་ཨ་འཐས་ནས་སེམས་གསོ་གནང་བ། །


༩༽ གནས་སྐབས་ཕྱི་ནང་མུན་པའི་རྐྱེན་ངན་འདིས། ། 

རུས་རྐང་ཅན་གྱི་རང་རེའི་རྒྱུད་པ་རྣམས། །

མ་འོང་འཇིག་རྟེན་སྒྱུ་མའི་གྲོང་ཁྱེར་རུ། ། 

འཚོ་སྡོད་བྱེད་ཚུལ་བརྡ་ལན་གསལ་པོར་བསྟན། ། 

 

༡༠༽ ཤིན་ཏུ་གཟེང་པའི་ནང་རུལ་དྲི་ངན་འདི། ། 

ལྷག་ཏུ་རུས་རྐང་ཅན་ལ་གཟེང་མོད་ཀྱང་། ། 

དར་རྒུད་འཕེལ་འགྲིབས་ཆུ་ཡི་རི་མོ་ལ། ། 

རེ་ཞིག་ཞེན་ཆགས་ལྷོད་དེ་ཡངས་ན་ལེགས། །


༡༡༽ ད་ནི་སྐྱོ་བས་ཅི་བྱ་སྙིང་སྟོབས་བསྐྱེད། །

ཕྱི་ཡི་རྒྱ་མཚོ་ཀུན་ཏུ་འཁྲུག་གྱུར་ཀྱང་། །

རྐང་པ་ཏིལ་ཙམ་མི་བརྡར་སྒོམ་ལྷིང་གིས། །

འཇིགས་མེད་བླ་མའི་བུ་རྒོད་འཇིགས་མེད་འགྲོ ། 


༡༢༽ ནང་དུ་རྐྱེན་ངན་རྡུལ་རླུང་དྲག་འཁྲུག་ཀྱང་། །

སྙིང་རྩའི་དྭངས་མ་ཅུང་ཙམ་མི་གཡོ་བར། །

མཐའ་དག་བྱང་ཆེན་ལམ་གྱི་གྲོགས་སུ་གྱུར། །

འཇིགས་མེད་བླ་མའི་བུ་རྒོད་འཇིགས་མེད་འགྲོ། ། 


༡༣༽ གསང་སེམས་ཆོ་འཕྲུལ་འབུམ་གྱིས་ལམ་བཀག་ཀྱང་། །

སེམས་རྩ་རྡུལ་ཙམ་མི་འགུལ་ཟང་ཐལ་གྱིས། །

རིག་པའི་ངར་བསྐྱེད་བསྟན་འགྲོའི་དོན་ཉིད་དུ། །

འཇིགས་མེད་བླ་མའི་བུ་རྒོད་འཇིགས་མེད་འགྲོ། ། 


ཞེས་པའང་བླ་མའི་ཆོས་སྒར་ཆེན་མོའི་མཆེད་ལྕམ་དག་ཕྱོགས་མཐར་འགྲོ་དགོས་པའི་དུས་སྐབས་དེར་རང་གི་གནས་ཀྱང་དེ་འདྲར་སོང་གཤིས་ལྷན་དུ་ངུ་འབོད་ཀྱི་ཀློང་ནས་རྡོལ་བའོ། ། རྨོངས་བུ་ཧ་ལོས། 

高原尼姑网站
࿐སྐུ་ཉིད་མཐོ་སྒང་ཇོ་མོའི་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།🌻
 最新文章