འདི་ལྟ་བུའི་གན་རྒྱ་ནུས་ལྡན་ཡིན་ནམ།
གྱོད་དཔེ།
གློག་བརྙན་འཕྲིན་སྒྱུ་རྩལ་འཕེལ་རྒྱས་ཀུང་སི་ཞིག་གིས་ད་སོ་མ་སློབ་ཆུང་ནས་མཐར་ཕྱིན་པའི་བུ་མོ4བསྡུ་ལེན་བྱས་ཏེ་ན་གཞོན་བུ་མོའི་གླུ་ལེན་ཚན་སྡེབ་ཕྱོགས་སུ་སྐྱེད་སྲིང་བྱེད་རྩིས་བྱས། ས་གནས་དེ་གའི་ངལ་རྩོལ་སྲིད་འཛིན་སྡེ་ཁག་གི་ཆོག་མཆན་འཐོབ་པ་བརྒྱུད་དེ་གློག་བརྙན་འཕྲིན་ཀུང་སི་དང་བུ་མོ4པོའི་ཁྱིམ་བདག་གིས་གན་རྒྱ་བཞག གན་རྒྱའི་ནང་གཏན་འཁེལ་བྱས་དོན། བུ་མོ་ཚོའི་ཁྱིམ་བདག་དང་ཀུང་སི་ཡིས་ལོ6གི་གན་རྒྱ་བཞག་ཅིང་། བཀག་སྡོམ་རང་བཞིན་གྱི་སྦྱོང་བརྡར་བྱེད་པར་མ་ཟད། ན་གཞོན་བུ་མོ་ཚན་སྡེབ་ཅིག་གི་མིང་ཐོག་ནས་ཀུང་སིའི་འཁྲབ་སྟོན་བཀོད་སྒྲིག་དང་ལེན་བྱ་དགོས། གན་རྒྱའི་ནང་ད་དུང་གཏན་ཁེལ་བྱས་དོན། སྔོན་མའི་ལོ་གསུམ་གྱི་ནང་དུས་རྒྱུན་གྱི་སྦྱོང་བརྡར་ཕན་ཆད་ནས། མི4པོར་འབྲིང་རིམ་སློབ་གསོ་མྱང་ཚར་དུ་འཇུག་དགོས་ལ། རྗེས་ཀྱི་ལོ་གསུམ་ནང་། ཁོ་ཚོས་ཀུང་སིའི་འཁྲབ་སྟོན་པའི་མིང་ཐོག་ནས་འཁྲབ་སྟོན་བྱ་དགོས། ལོ6གི་གན་རྒྱའི་དུས་ཡུན་ལོངས་རྗེས།གལ་ཏེ་ཁོ་ཚོས་མུ་མཐུད་དུ་སྒྱུ་རྩལ་གྱི་ལས་རིགས་གཉེར་འདོད་ན་ཀུང་སི་ཡིས་ཁོ་ཚོ་དང་ཡང་བསྐྱར་གན་རྒྱ་འཇོག་པར་དམིགས་བསལ་གྱིས་བསམ་བློ་གཏོང་ངེས་ཡིན་ཞེས་བཀོད་ཡོད།
ལོ་གསུམ་འགོར་རྗེས་ཀྱི་ཟླ་ཞིག་གི་ཚེས1ཉིན། ཁྱིམ་བདག་ཚོས་ཀུང་སིའི་སྤྱི་གཉེར་བ་བཙལ་ཡོང་སྟེ། བྱིས་པ་ཚོ་དང་ཀུང་སིའི་བར་གྱི་གན་རྒྱའི་འབྲེལ་བ་མཚམས་འཇོག་འདོད་ལ། རྒྱུ་རྐྱེན་ནི་འདི་ལྟར་སོང་ན་བུ་མོ་ཚོའི་མདུན་ལམ་ལ་གནོད་པར་སེམས་ཁུར་ཡོད་ཅེས་བཤད།
བཅའ་ཁྲིམས་དབྱེ་ཞིབ།
བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ན། མི་ཤུགས་བཀོལ་སྤྱོད་ལས་ཁུངས་སམ་མི་སྒེར་དང་བྱིས་པ་ལས་བཟོ་པའི་བར་བཞག་པའི་ངལ་རྩོལ་གན་རྒྱ་ལ་བཅའ་ཁྲིམས་ཀྱི་ནུས་པ་མེད། གནས་ཚུལ་དེ་འདྲ་ཡོད་པ་ཤེས་རྟོགས་བྱུང་ན་དེ་མ་ཐག་མཚམས་འཇོག་དགོས་ལ། བྱིས་པ་ལས་བཟོ་པས་དེ་ལས་བྱུང་བའི་མཇུག་འབྲས་མ་ལུས་ལ་འགན་འཁུར་མི་དགོས། མི་ཤུགས་བཀོལ་སྤྱོད་ལས་ཁུངས་སམ་མི་སྒེར་དེས་ངལ་རྩོལ་གན་རྒྱའི་བཅའ་ཁྲིམས་ལྟར་ཁྲིམས་འགལ་སྒོས་བྱིས་པ་ལས་བཟོ་པ་བེད་སྤྱོད་བྱས་པའི་བར་སྐབས་དེའི་ངལ་རྩོལ་གླ་ཡོན་སྟེར་དགོས།
བྱིས་པ་ལས་བཟོ་པ་བེད་སྤྱོད་བྱེད་པ་གཏན་འགོག་བྱེད་པ་ནི་རྒྱལ་སྤྱིའི་ངལ་རྩོལ་ལས་བཟོ་པའི་བཅའ་ཁྲིམས་ཀྱི་རྩ་བའི་རྩ་དོན་ཞིག་ཡིན་ལ། རང་རྒྱལ་ངལ་རྩོལ་བཅའ་ཁྲིམས་ཀྱི་རྩ་བའི་རྩ་དོན་ཞིག་ཀྱང་ཡིན་མོད། འོན་ཀྱང་རིག་རྩལ་དང་ལུས་རྩལ། བཟོ་རྩལ་ལས་ཁུངས་ལ་ལ་ཞིག་སྟེ། ངེས་པར་ན་གཞོན་བྱིས་པ་བསྡུ་ལེན་བྱས་ཏེ་ཆུང་དུས་ནས་སྦྱོང་བརྡར་བྱ་དགོས་ཚེ། ངེས་པར་རྫོང་རིམ་པའི་ཡན་གྱི(རྫོང་རིམ་པ་འདུ)ངལ་རྩོལ་སྲིད་འཛིན་སྡེ་ཁག་གི་ཆོག་མཆན་བརྒྱུད་རྗེས། ལོ16ལ་མ་སོན་པའི་རིག་རྩལ་ལས་གཉེར་མཁན་དང་ལུས་རྩལ་པ། བཟོ་རྩལ་སློབ་མ་སོགས་བསྡུ་ལེན་བྱས་ཆོག་ལ། དེ་ནི་ཁྲིམས་འགལ་གྱིས་བྱིས་པ་ལས་བཟོ་པ་བེད་སྤྱོད་བྱས་པའི་ཁོངས་སུ་མི་འདུ། བྱིས་པ་འདི་དག་ལ་ངེས་པར་དེའི་ཁྲིམས་བཀོད་ལས་ཚབ་པའི་འཐད་པ་བརྒྱུད་དགོས་པའམ་ལས་ཚབ་བྱས་ཏེ་ངལ་རྩོལ་གན་རྒྱ་འཇོག་དགོས་པར་མ་ཟད། རྫོང་རིམ་པའི་ཡན་གྱི་ངལ་རྩོལ་སྲིད་འཛིན་སྡེ་ཁག་གི་ཆོག་མཆན་བརྒྱུད་དགོས། དེ་ལས་ལྡོག་ན་གན་རྒྱ་ནུས་མེད་ཡིན།
གོང་གི་གྱོད་དོན་འདིའི་ཁྲོད་དུ། གློག་བརྙན་འཕྲིན་ཀུང་སི་དང་བུ་མོ་བཞི་པོའི་བར་གྱི་ངལ་རྩོལ་གན་རྒྱ་དེ་གོ་རིམ་སོགས་ཕྱོགས་གང་ཅིའི་ཐད་ནས་རྒྱལ་ཁབ་ཀྱི་གཏན་འཁེལ་དང་མཐུན། དེའི་རྐྱེན་གྱིས་ནུས་ཡོད་གན་རྒྱ་ཡིན་ལ། བུ་མོ་བཞི་པོས་ངེས་པར་ལག་བསྟར་བྱ་དགོས། གཞན་ཡང་། ཁྱིམ་བདག་གི་རེ་བ་ལའང་བསམ་བློ་གཏོང་འོས་ཏེ། བྱིས་པ་ཚོར་སློབ་གསོ་ལེགས་པོ་མྱང་དུ་བཅུག་ནས་ཁོ་ཚོའི་མ་འོངས་པའི་མདུན་ལམ་ལ་བསམ་བློ་མང་པོ་གཏང་དགོས། དེ་བས། ཀུང་སིས་ཀྱང་བུ་མོ་བཞི་པོའི་རྗེས་ཕྱོགས་ཀྱི་སློབ་སྦྱོང་གསབ་སྦྱོང་གི་འོས་འགན་འགན་ལེན་བྱ་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱབ་སྤེལ་བྱས་པའི《བྱིས་པ་ལས་བཟོ་པ་སྤྱོད་པ་གཏན་འགོག་བྱེད་པའི་ཐག་བཅད》ནང་གཏན་འཁེལ་གསལ་པོ་བྱས་དོན། རིག་རྩལ་དང་ལུས་རྩལ། དམིགས་བསལ་བཟོ་རྩལ་ལས་ཁུངས་བཅས་ཀྱིས་དོན་དངོས་སུ་ལོ16ལ་མ་སོན་པའི་རིག་རྩལ་ལས་གཉེར་མཁན་དང་ལུས་རྩལ་པ། བཟོ་རྩལ་སློབ་མ་སོགས་བསྡུ་ལེན་བྱ་དགོས་ཚེ། ངེས་པར་རྫོང་རིམ་པའི་ཡན་གྱི་ངལ་རྩོལ་སྲིད་འཛིན་སྡེ་ཁག་གི་ཆོག་མཆན་བརྒྱུད་དགོས། ལས་ཁུངས་ཀྱིས་བསྡུ་ལེན་བྱེད་དུས། ལས་ཁུངས་ཡོད་སའི་རྫོང་ངལ་རྩོལ་ཁག་ཐེག་སྲིད་འཛིན་སྡེ་ཁག་ལ་ཞིབ་བཤེར་ཆོག་མཆན་གྱི་རེ་འདུན་ཞུ་དགོས་པར་མ་ཟད། གཤམ་གྱི་བདེན་དཔང་རྒྱུ་ཆ་དག་མཁོ་སྤྲོད་བྱ་དགོས།
(1) ལས་ཁུངས་ཀྱིས་བསྡུ་ལེན་བྱེད་པའི་མི་སྣའི་རེ་འདུན་ཡི་གེ
(2) ལས་ཁུངས་ཀྱི་མཚམས་སྦྱོར་ཡི་གེ
(3) ལས་སྒྲུབ་མི་སྣའི་ཐོབ་ཐང་དཔང་ཡིག
(4) བསྡུ་ལེན་གན་རྒྱ་ཡི་གེ
ངལ་རྩོལ་ཁག་ཐེག་སྲིད་འཛིན་སྡེ་ཁག་གི་ཆོག་མཆན་བརྒྱུད་རྗེས། འབྲེལ་ཡོད་ཀྱི་བསྡུ་ལེན་འགྲོ་ལུགས་བསྒྲུབ་དགོས།
ལག་བསྟར་རྩོམ་སྒྲིག་པ། མདོ་སྡེ་རྒྱལ།