ཁ་ཆེམས་ཇི་ལྟར་བཞག་ན་ནུས་ལྡན་ཡིན།
བློ་མཐུན་རྩོམ་སྒྲིག་པ་ལགས། དགེ་འདུན་ལ་བུ་གསུམ་ཡོད་དེ་སོ་སོའི་མིང་ལ་ཚེ་རིང་དང་རྡོ་རྗེ། འབྲུག་འབུམ་ཟེར། ལོ་འགའི་རྗེས་སུ། ཁོ་ལ་ནད་ལྕི་མོ་ཞིག་གིས་གཙེས་ཏེ་ཚེ་མཇུག་རྗོགས་ལ་ཉེ་བས། ཁོས་རང་ཉིད་འདས་རྗེས་ཤུལ་གྱི་རྒྱུ་ནོར་བཀོད་སྒྲིག་བྱེད་འདོད་སྐྱེས་ནས་དཔང་མི་སྟེ་གྲོགས་པོ་གཉིས་ཀྱིས་ཡུལ་དངོས་སུ་བདེན་དཔང་བྱས་ཐོག་བརྙན་ཕབ་ཀྱི་ཐབས་ལ་བརྟེན་ནས་ཁ་ཆེམས་བཞག བརྙན་དེ་རུ་ཁོ་ལ་ནད་ཀྱིས་གཙེས་པའི་སྐབས་སུ། བུ་ཚེ་རིང་གིས་མགོ་མཇུག་བར་གསུམ་དུ་བདག་སྐྱོང་གང་ལེགས་བྱས་པས། རང་གི་མིང་ཐོག་གི་ཁང་པ་དེ་ཚེ་རིང་ལ་སྟེར་རྒྱུ་དང་། བསགས་དངུལ་སྒོར་ཁྲི20ཡོད་པ་དེ་རྡོ་རྗེ་དང་འབྲུག་འབུམ་གཉིས་ལ་སྟེར་རྒྱུའི་ཐག་བཅད་ཡོད། དེ་དང་སྦྲགས་ཏེ་དཔང་མི་གཉིས་ཀས་ཀྱང་བརྙན་དེ་རུ་ཁ་ཆེམས་བཞག་པའི་ཟླ་ཚེས་དང་རང་རང་གི་ཐོབ་ཐང་ཆ་འཕྲིན་སོགས་གསལ་པོར་བཤད། ཁོས་ཕྱིས་སུ་བརྙན་ཐུང་དེ་དཔང་མི་གཉིས་ལས་གཅིག་གི་ལག་ལ་སྤྲད་དེ་ཉར་ཚགས་བྱེད་དུ་བཅུག ཡུན་རིང་མ་འགོར་བར་ཁོ་ཚེ་ལས་འདས་རྗེས། བུ་རྣམས་ཀྱིས་ཤུལ་ནོར་བགོ་བཤའ་རྒྱག་སྐབས། རྡོ་རྗེ་དང་འབྲུག་འབུམ་གཉིས་ཀྱིས་བརྙན་ལམ་གྱི་ཁ་ཆེམས་དེ་ནུས་ལྡན་མིན་པར་སྙམ་སྟེ། ཤུལ་ནོར་ནི་ཁྲིམས་བཀོད་ཤུལ་འཛིན་ལྟར་བགོ་བཤའ་རྒྱག་དགོས་པར་འདོད། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་ཁོ་གཉིས་ཀྱི་ལྟ་ཚུལ་དེ་འགྲིག་གམ། ཞེས་བཀྲ་བྷ་ཡིས།
བློ་མཐུན་བཀྲ་བྷ་ལགས། གྱོད་དོན་འདི་ནི་ཁ་ཆེམས་ཇི་ལྟར་ནུས་ལྡན་གྱི་སྒོ་ནས་འཇོག་པའི་གནད་དོན་དང་འབྲེལ་བ་ཡོད། 《དམངས་དོན་ཁྲིམས་གཞུང》གི་གཏན་འཁེལ་ལྟར་ན། “ཁ་ཆེམས་འཇོག་ཐབས་ལ་གཤམ་གྱི་འདི་དག་འདུས་ཏེ། རང་བྲིས་ཁ་ཆེམས་དང་ཚབ་བྲིས་ཁ་ཆེམས། སྒྲ་དང་བརྙན་ཕབ་ཀྱི་ཁ་ཆེམས། ངག་ཐོག་ཁ་ཆེམས། གཞུང་དཔང་ཁ་ཆེམས་དང་དཔར་ཡིག་ཁ་ཆེམས་བཅས་ཡོད་པར་མ་ཟད། ཁ་ཆེམས་རིགས་སོ་སོའི་ཁྲིམས་བཀོད་རྣམ་པའི་གྲུབ་རྐྱེན་གཏན་འཁེལ་གསལ་པོ་བྱས་ཡོད། སྒྲ་ཕབ་དང་བརྙན་ཕབ་ཀྱི་རྣམ་པ་ལྟར་བཞག་པའི་ཁ་ཆེམས་ཡིན་ན། དཔང་མི་གཉིས་སམ་དེའི་ཡན་གྱིས་ཡུལ་དངོས་སུ་བདེན་དཔང་བྱ་དགོས། ཁ་ཆེམས་འཇོག་མཁན་དང་དཔང་མིས་སྒྲ་དང་བརྙན་ནང་ཉིད་ཀྱི་རུས་མིང་ངམ་ངོ་གདོང་དང་། དེ་མིན་ལོ་ཟླ་ཚེས་གྲངས་སོགས་ཟིན་ཐོར་དགོད་དགོས”ཞེས་བཀོད་ཡོད། ཁ་ཆེམས་འཇོག་མཁན་གྱིས་ཁྲིམས་བཀོད་ཀྱི་བྱེད་ཐབས་ལྟར་ཁ་ཆེམས་མ་བཞག་ན་ནུས་ལྡན་མིན་ཏེ། དམངས་དོན་ཁྲིམས་གཞུང་གིས་ཁ་ཆེམས་རིགས་སོ་སོ་འཇོག་པའི་ཆ་རྐྱེན་ལ་གཏན་འཁེལ་གསལ་པོར་བྱས་ཡོད་དེ། (གཅིག) རང་བྲིས་ཁ་ཆེམས་ཏེ། རང་བྲིས་ཁ་ཆེམས་ནི་ཁ་ཆེམས་འཇོག་མཁན་གྱིས་དངོས་སུ་འབྲི་བ་དང་མིང་རྟགས་དགོད་དགོས་ལ། དཔང་མི་མི་དགོས། ཁ་ཆེམས་འཇོག་མཁན་གྱིས་དངོས་སུ་བྲིས་ཏེ་རང་གི་འདོད་བློ་བསྟན་པས་ཆོག་ལ། ཁ་ཆེམས་འཇོག་མཁན་ལ་དམིགས་བསལ་གྱི་རེ་བ་གཞན་མེད། འདོད་བློའི་བསྟན་དོན་དེ་ངེས་པར་རང་ཉིད་ཚེ་ལས་འདས་རྗེས་ཀྱི་རྒྱུ་ནོར་བགོ་བཤའི་ཐད་ཀྱི་འདོད་བློ་ངོ་མ་ཡིན་དགོས། གལ་ཏེ་ཉིན་ཐོའམ་འཕྲིན་ཡིག་ནང་རྒྱུ་ནོར་བགོ་བཤའི་ཐད་ཀྱི་འདོད་བློ་ངེས་ཅན་ཞིག་བསྟན་པ་ཙམ་ཡིན་ཚེ། རང་བྲིས་ཁ་ཆེམས་སུ་ངོས་འཛིན་བྱ་མི་རུང་། (གཉིས) ཚབ་བྲིས་ཁ་ཆེམས་དང་ཡིག་དཔར་ཁ་ཆེམས། སྒྲ་དང་བརྙན་གྱི་ཁ་ཆེམས་བཅས་ཁ་ཆེམས་རིགས་གསུམ་ལ་དཔང་མི་ཡུལ་དངོས་སུ་ཡོད་དགོས་པའི་རེ་བ་བཏོན་ཡོད་པར་མ་ཟད། ཁ་ཆེམས་ཀྱི་སྟེང་དུ་མིང་རྟགས་འགོད་པ་དང་། ལོ་ཟླ་ཚེས་གྲངས་སོགས་གསལ་པོར་དགོད་དགོས། དེ་དང་སྦྲགས་ཏེ་སྒྲ་དང་བརྙན་གྱི་ཁ་ཆེམས་ལ་ཁ་ཆེམས་འཇོག་མཁན་དང་དཔང་མིས་འབྲེལ་ཡོད་ཀྱི་ལྟ་ཉན་རྒྱུ་ཆ་ཉར་འཇོག་བྱ་དགོས་པར་མ་ཟད། མིང་རྟགས་དང་ཟླ་ཚེས་སོགས་གསལ་པོར་དགོད་དགོས། (གསུམ) ངག་ཐོག་ཁ་ཆེམས་ཏེ། ངག་ཐོག་ཁ་ཆེམས་ལ་གཤམ་གྱི་ཆ་རྐྱེན་འདི་དག་ཚང་དགོས་ཏེ། 1. ངེས་པར་དཔང་མི་གཉིས་ཡན་གྱིས་ཡུལ་དངོས་སུ་བདེན་དཔང་བྱ་དགོས། 2. ཁ་ཆེམས་འཇོག་མཁན་གྱིས་བྲེལ་འཚུབ་ཆེ་བའི་གནས་ཚུལ་འོག བྱེད་ཐབས་གཞན་པ་བརྒྱུད་དེ་ཁ་ཆེམས་བཞག་མི་ཆོག 3. བྲེལ་འཚུབ་ཆེ་བའི་གནས་ཚུལ་མེད་པར་གྱུར་རྗེས། ཁ་ཆེམས་འཇོག་མཁན་གྱིས་རྣམ་པ་གཞན་དག་བརྒྱུད་དེ་ཁ་ཆེམས་འཇོག་ཐུབ་པའི་གནས་ཚུལ་མེད་པ། (བཞི) གཞུང་དཔང་ཁ་ཆེམས་ཏེ། གཞུང་དཔང་ཁ་ཆེམས་ཞེས་པ་ནི་བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་འགྲོ་རིམ་དང་རྣམ་པ་བརྒྱུད་དེ་གཞུང་དཔང་བྱས་པའི་ཁ་ཆེམས་ལ་བྱ། གཞུང་དཔང་ཁ་ཆེམས་ནི་ཁ་ཆེམས་ཆེས་ནན་ཤོས་དེ་ཡིན་ལ། རྣམ་པ་གཞན་པའི་ཁ་ཆེམས་ལས་འདོད་བློའི་དོན་དངོས་རང་བཞིན་ལ་སྔར་ལས་འགན་སྲུང་བྱ་ཐུབ། གཞུང་དཔང་ཁ་ཆེམས་ནི་ཁ་ཆེམས་འཇོག་མཁན་གྱིས་དངོས་སུ་རེ་ཞུ་བྱས་ནས་བསྒྲུབ་དགོས་ལ། གཞུང་དཔང་པའི་མདུན་ནས་དངོས་སུ་འབྲི་བའམ་ངག་ནས་བརྗོད་དགོས་པ་དང་། ཁྲིམས་མཐུན་གཞུང་དཔང་པས་ཁྲིམས་ལྟར་གཞུང་དཔང་བྱ་དགོས། གལ་ཏེ་གཞུང་དཔང་པ་ཟུར་བྱོལ་གཏན་འཁེལ་དང་འགལ་ཚེ། གཞུང་དཔང་ཁ་ཆེམས་དེར་གཞུང་དཔང་གི་བཅའ་ཁྲིམས་ནུས་པ་ཐོན་མི་ཐུབ། ཁ་ཆེམས་འཇོག་པར་གོང་དུ་བརྗོད་པའི་རྣམ་པའི་སྟེང་གི་བླང་བྱ་དང་མཐུན་དགོས་པར་མ་ཟད། ད་དུང་གཤམ་གྱི་ནང་དོན་དངོས་ཀྱི་ཆ་རྐྱེན་འགའ་ཚང་དགོས་ཏེ། (གཅིག) ཁ་ཆེམས་འཇོག་མཁན་ལ་ཁ་ཆེམས་འཇོག་སྐབས་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ལྡན་དགོས། གལ་ཏེ་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མིས་བཞག་པའི་ཁ་ཆེམས་ཡིན་ན། མི་དེའི་བྱ་སྤྱོད་སྤེལ་ནུས་རྗེས་སུ་སླར་གསོ་བྱུང་རུང་། སྔར་བཞིན་ཁ་ཆེམས་ནུས་མེད་དུ་གཏོགས་པ་རེད། ཡིན་ན་ཡང་ཁ་ཆེམས་འཇོག་མཁན་ལ་ཁ་ཆེམས་འཇོག་སྐབས་བྱ་སྤྱོད་སྤེལ་ནུས་ཡོད་ཀྱང་། རྗེས་སུ་བྱ་སྤྱོད་སྤེལ་ནུས་ཤོར་བ་ཡིན་ན། ཁ་ཆེམས་ཀྱི་ཕན་ནུས་ལ་ཤུགས་རྐྱེན་མི་ཐེབས་པ་རེད། མཉམ་འཇོག་བྱ་རྒྱུ་ཞིག་ལ། ལྐུགས་པ་དང་འོན་པ། ལོང་བ་སོགས་སྐྱོན་ཅན་ཡིན་ཡང་དབང་རྩར་གནད་དོན་མེད་པའི་མི་དར་མ་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ལྡན་པར་གཏོགས་པ་ཡིན་ལ། ཁོ་ཚོར་ཁ་ཆེམས་འཇོག་པའི་དབང་ཆ་ཡོད། (གཉིས) ཁ་ཆེམས་ཀྱི་ནང་དོན་ཁྲིམས་དང་མཐུན་པ། (གསུམ) ཁ་ཆེམས་འཇོག་མཁན་གྱིས་ཁ་ཆེམས་ནང་བགོ་བཤའ་བརྒྱབ་པའི་རྒྱུ་ནོར་ནི་བགོ་བཤའ་རྒྱག་དབང་ཡོད་པའི་མི་སྒེར་གྱི་རྒྱུ་ནོར་ཡིན་དགོས། རང་གི་མིན་པའི་རྒྱུ་ནོར་བགོ་བཤའ་བརྒྱབ་མི་ཆོག (བཞི) ཁ་ཆེམས་ནི་ངེས་པར་ཁ་ཆེམས་འཇོག་མཁན་གྱི་འདོད་བློ་ངོ་མ་ཡིན་དགོས་ལ། ཁ་ཆེམས་འཇོག་མཁན་ལ་མགོ་སྐོར་ཐེབས་པ་དང་བཙན་སྐུལ་ཐེབས་པའི་གནས་ཚུལ་འོག་བཞག་པའི་ཁ་ཆེམས་ལ་ནུས་པ་མེད་དོ། ། ཞེས་འདི་གའི་བཅའ་ཁྲིམས་བློ་སྟོན་ཁང་གིས།
ཞེས་བཀྲ་བྷ་ཡིས།