སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཕ་ལེ་སི་ཐན་གྱི་སློབ་གསོ་པུས་ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་29ཉིན་གསལ་བསྒྲགས་སྤེལ་ཏེ། ན་ནིང་སྤྱི་ཟླ་10པའི་ཚེས་7ཉིན་རེས་སྐོར་གསར་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་གཞི་ཁྱོན་ཆེ་བའི་གདོང་ཐུག་ཐོན་ཚུན། ཁྱོན་སློབ་མ་11852རྐྱེན་ལམ་དུ་ཤོར་བ་དང་སློབ་མ་18959ལ་རྨས་སྐྱོན་ཕོག་ཡོད།
དེའི་ནང་ཀ་ཧྲ་ས་ཁུལ་དུ་སློབ་མ་11738ལྷག་ཙམ་རྐྱེན་ལམ་དུ་ཤོར་བ་དང་། རྨས་སྐྱོན་ཕོག་པའི་སློབ་མ་18365ཡོད་པ་རེད། ཅོར་ཏན་ཆུ་བོའི་ནུབ་འགྲམ་དུ་སློབ་མ་114རྐྱེན་ལམ་དུ་ཤོར་བ་དང་། སློབ་མ་594ལ་རྨས་སྐྱོན་ཕོག་ཡོད།
དེ་མིན་ཀ་ཧྲ་ས་ཁུལ་དང་ཅོར་ཏན་ཆུ་བོའི་ནུབ་འགྲམ་དུ་དགེ་རྒན་དང་དོ་དམ་མི་སྣ་ཁྱོན་560རྐྱེན་ལམ་དུ་ཤོར་བ་དང་། མི་3729ལ་རྨས་སྐྱོན་ཕོག་ཡོད། གཞན་ཡང་དགེ་རྒན་དང་དོ་དམ་མི་སྣ་148ལ་ཅོར་ཏན་ཆུ་བོའི་ནུབ་འགྲམ་དུ་བཀག་ཉར་བྱས་ཡོད་ཅེས་བརྗོད་པ་རེད།
གསལ་བསྒྲགས་ནང་ད་དུང་། ཀ་ཧྲ་ས་ཁུལ་དུ་གཞུང་བཙུགས་སློབ་གྲྭ་དང་སློབ་ཆེན་གྱི་ཁང་པ་362ལ་དབྱི་སི་རལ་དམག་གིས་འབར་མདེལ་ཕོག་པའི་ནང་གཏོར་བཤིག་ཐེབས་ཡོད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉེ་ཤར་ས་ཁུལ་གྱི་ཕ་ལེ་སི་ཐན་ཡུལ་གྱར་བ་རྒུད་སྐྱོབ་དང་ལས་གྲྭ་ཁྲུའུ་ཡི་ཁོངས་གཏོགས་སློབ་གྲྭ་65ལ་འཇབ་རྒོལ་ཕོག་ཡོད་ཅེས་བསྟན་ཡོད།
ཕ་ལེ་སི་ཐན་གྱི་སློབ་གསོ་པུས། དབྱི་སི་རལ་དམག་གིས་ཀ་ཧྲ་རྒྱུད་དུ་དཔུང་འཇུག་བྱས་པ་ནས་བཟུང་། ཀ་ཧྲ་རྒྱུད་ཀྱི་སློབ་མ་ཁྲི་71.8སློབ་ཞུགས་བྱེད་ཐབས་བྲལ་བ་དང་། སློབ་མ་མང་ཆེ་བའི་ལུས་སེམས་གཉིས་ཀར་རྨ་ཁ་བཟོས་ནས་བདེ་ཐང་གི་གནས་ཚུལ་ཐད་སེམས་ཁྲལ་ཆེན་པོ་བྱེད་དགོས་ཀྱི་ཡོད་ཅེས་བསྟན་འདུག