ཨན་ཧུའེ་ཞིང་ཆེན་ཧོའེ་ནན་གྲོང་ཁྱེར་ཕན་ཅི་ཆུས་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་སྤེལ་བའི་གནས་ཚུལ་གསར་ཤོས་ལ་གཞིགས་ན། དེའི་གོང་མེ་སྐྱོན་ལས་འཛོལ་ཁྲོད་འབྲེལ་བ་ཆད་པའི་མི་2ཀྱི་བེམ་པོ་རྙེད་ཡོད་པས། རྐྱེན་ལམ་དུ་ཤོར་བའི་མི་གྲངས་7ནས་9བར་མང་དུ་ཕྱིན་ཡོད།
ཚེས་19ཉིན་གྱི་སྔ་དྲོའི་ཆུ་ཚོད་5པ་ཙམ་ལ། ཕན་ཅི་ཆུས་ཅ་ཧོ་གྲོང་རྡལ་གྱི་རང་སྐྲུན་ཁང་པ་ཞིག་ཏུ་མེ་སྐྱོན་ཤོར་བ་རེད། དོན་རྐྱེན་ཐོན་རྗེས་ས་གནས་དེ་གའི་མེ་ཟོན་རོགས་སྐྱོབ་དང་སྤྱི་བདེ། འཕྲལ་སྡོམ་སོགས་སྡེ་ཚན་དག་དོན་རྐྱེན་ཐོན་ཡུལ་དུ་འཚོལ་སྐྱོབ་བྱེད་པར་བསྐྱོད་ཡོད།
གསར་འགོད་པས་ལས་འཛོལ་བྱུང་སའི་ཡུལ་དངོས་སུ་མཐོང་གསལ་ལྟར་ན། ཕན་ཅི་ཆུས་ཅ་ཧོ་གྲོང་རྡལ་ཕན་ཅི་གློག་ཁང་ཉེ་འགྲམ་གྱི་རང་སྐྲུན་ཁང་པ་ཞིག་ཏུ་མེ་སྐྱོན་ཐོན་འདུག རང་སྐྲུན་ཁང་པ་དེར་ཁྱོན་ཐོག་བརྩེགས་བཞི་ཡོད་ཅིང་སྟེང་གི་ཐོག་བརྩེགས་གཉིས་ནི་ལྕགས་ལས་གྲུབ་པ་ཡིན་ལ། མིག་སྔར་མེ་སྐྱོན་ཆེན་པོས་འཇིག་ཚར་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རྐྱེན་ལམ་དུ་ཤོར་བའི་མི་སྣ་ནི་ལས་འཛོལ་ཐོན་སའི་ལས་གྲྭའི་རྣམ་གྲངས་ཤིག་གི་ཨར་ལས་མི་སྣ་ཡིན་པ་དང་། རང་སྐྲུན་ཁང་པ་དེ་གླས་ནས་སྡོད་ཀྱི་ཡོད་པ་རེད། མིག་སྔར་ས་གནས་དེ་གའི་འཚོལ་སྐྱོབ་ལས་དོན་མཇུག་བསྒྲིལ་བ་དང་ལས་འཛོལ་ཐོན་རྐྱེན་ད་དུང་མུ་མཐུད་དུ་བརྟག་དཔྱད་བྱ་དགོས་འདུག
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།