བྱིས་པ་ཕ་མ་གཉིས་ལས་གང་གི་དྲུང་དུ་འཚོ་བ་རོལ་རྒྱུའི་ཁ་གསལ་གྱི་གཏན་ཁེལ་ཡོད་དམ།
གལ་སྲིད་ཨ་མ་ལ་གཤམ་གསལ་གྱི་གནས་ཚུལ་ལྡན་ཚེ། ཨ་ཕ་དང་མཉམ་དུ་འཚོ་བ་རོལ་ཆོག
(1) བཅོས་ཐབས་མི་རྙེད་པའི་འགོས་ནད་དང་གཞན་པའི་ན་ཚ་ཚབས་ཆེན་ཡོད་པས། ཕྲུ་གུ་དེ་དང་མཉམ་དུ་འཚོ་བ་རོལ་མི་འོས་པའི་གྲས།
(2) གསོ་ནུས་ལྡན་ཡང་གསོ་འགན་མི་འཁུར་པས། ཨ་ཕས་ཕྱོགས་ཀྱིས་ཕྲུ་གུ་རང་ཉིད་དང་མཉམ་དུ་འཚོ་བ་རོལ་པའི་རེ་འདུན་བཏོན་པ།
(3) རྒྱུ་རྐྱེན་གཞན་དག་གི་དབང་གིས་ཕྲུ་གུ་ཨ་མ་དང་མཉམ་དུ་འཚོ་བ་རོལ་ཐབས་མེད་པ།
ཕ་མ་གཉིས་ཀ་ལོ་གཉིས་མན་གྱི་ཕྲུ་གུ་ཨ་ཕ་དང་མཉམ་དུ་འཚོ་བ་རོལ་རྒྱུར་གྲོས་མཐུན་བྱུང་ཞིང་། ཕྲུ་གུ་བདེ་ཐང་སྒོས་འཚར་ལོངས་ཡོང་རྒྱུར་གནོད་པ་མེད་པ་ན་ཆོག་མཆན་སྤྲོད་དགོས།
ནུ་མ་བསྣུན་ལོ་བརྒལ་བའི་ཕྲུ་གུ་ཕྱོགས་སུས་གསོ་མིན་ཐད་ཀྱི་གནད་དོན། སྔོན་ལ་ཕ་མ་གཉིས་ཀྱིས་གྲོས་མོལ་བྱས་ནས་ཐག་གཅོད་བྱ་དགོས། གྲོས་ཁ་མི་མཐུན་ན་མི་དམངས་ཁྲིམས་ཁང་གིས་ཕྱོགས་གཉིས་ཀའི་གནས་ཚུལ་ལ་གཞིགས་ནས་དཔྱད་མཚམས་གཏང་དགོས། ཕ་མ་ཕྱོགས་གཅིག་ལ་གཤམ་གྱི་ཆ་རྐྱེན་ཞིག་ལྡན་ན་དེ་ལ་དམིགས་གསལ་གྱིས་བསམ་བློ་གཏང་དགོས།
(1) སྐྱེ་རྒྱུན་བཅད་པའི་གཤགས་བཅོས་བྱས་ཟིན་པའམ་རྒྱུ་རྐྱེན་གཞན་གྱིས་བུ་རྒྱུད་སྐྱེ་ནུས་ཤོར་བ།
(2) ཕྲུ་གུ་རང་ཉིད་དང་མཉམ་དུ་འཚོ་བ་རོལ་ནས་ཡུན་རིང་ཕྱིན་པས། འཚོ་བའི་ཁོར་ཡུག་ལ་འགྱུར་ལྡོག་བྱུང་ཚེ་ཕྲུ་གུ་བདེ་ཐང་ངང་འཚར་ལོང་འབྱུང་རྒྱུར་གནོད་པ་མངོན་གསལ་ཡོད་པའི་གྲས།
(3) རང་ཉིད་ལ་ཕྲུ་གུ་མེད་ཅིང་ཕྱོགས་ཅིག་ཤོས་ལ་ཕྲུ་གུ་གཞན་ཡོད་པ།
(4) ཕྲུ་གུ་རང་ཕྱོགས་དང་མཉམ་དུ་འཚོ་བ་རོལ་ན་ཕྲུ་གུའི་བདེ་ཐང་ལའང་ཕན་པ་དང་། ཕྱོགས་ཅིག་ཤོས་ལ་བཅོས་ཐབས་མི་རྙེད་པའི་འགོས་ནད་དང་ན་ཚ་ཚབས་ཆེན་ཡོད་པའམ་ཕྲུ་གུ་ལུས་སེམས་བདེ་ཐང་ལ་གནོད་པའི་གནས་ཚུལ་གཞན་དག་ལྡན་པས། ཕྲུ་གུ་དང་མཉམ་དུ་འཚོ་བ་རོལ་མི་འོས་པ།
ཕ་མ་གཉིས་ཀའི་ཕྲུ་གུ་གསོ་བའི་ཆ་རྐྱེན་ཕལ་ཆེར་འདྲ་མཚུངས་ཡིན་ཞིང་ཕྱོགས་གཉིས་ཀའི་ཕྲུ་གུ་རང་ཉིད་དང་མཉམ་དུ་འཚོ་བ་རོལ་དགོས་པའི་རེ་འདུན་བཏོན་པ་ལ། ཕྲུ་གུ་དེ་ཕ་ཕྱོགས་སམ་མ་ཕྱོགས་ཀྱི་སྤོ་བོ་རྨོ་བོ་དང་མཉམ་དུ་འཚོ་བ་རོལ་ནས་ལོ་མང་འགོར་བའི་ཁར། སྤོ་བོ་དང་རྨོ་བོ་ལ་ཕྲུ་གུ་གསོ་བའི་རེ་འདོད་དང་ནུས་པ་ཡོད་པ་ཡིན་ན། དེ་ནི་ཕྲུ་གུ་དེ་ཨ་ཕའམ་ཨ་མ་དང་མཉམ་དུ་འཚོ་བ་རོལ་བའི་དམིགས་གསལ་གྱི་ཆ་རྐྱེན་ལ་བརྩིས་ཏེ་མནོ་བསམ་བཏང་ཆོག
ལོ་བཅུ་ཡན་སོན་པའི་ན་སོ་མ་སྨིན་པའི་ཕྲུ་གུ་ཡིན་ན། ཕ་མ་གཉིས་ལས་སུ་དང་མཉམ་དུ་འཚོ་བ་རོལ་རྒྱུའི་སྐོར་ལ་རྩོད་པ་བྱུང་ཚེ། ཕྲུ་གུའི་བསམ་ཆར་ལ་མནོ་བསམ་གཏང་དགོས།
ཕྲུ་གུའི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པར་ཕན་ཐོགས་ཡོད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། ཕ་མ་ཕྱོགས་གཉིས་ཀྱིས་རེས་མོས་ཀྱིས་ཕྲུ་གུ་གསོ་སྐྱོང་བྱེད་པར་གྲོས་མཐུན་བྱུང་གྲས་ལ་ཆོག་མཆན་སྤྲད་དགོས།
ལག་བསྟར་རྩོམ་སྒྲིག་པ། མདོ་སྡེ་རྒྱལ།