གླིང་གི་དཔའ་ཐུལ་བརྒྱ་ཡི་ཐང་ག་སི་ཁྲོན་ནས་འགྲེམས་སྟོན་བྱས་པ།

文摘   2024-09-20 17:01   青海  

ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་ལ་ཉེ་བའི་དུས་འདིར། ཡིད་དབང་ཅིག་ཅར་དུ་འཕྲོག་པའི་མི་རིགས་རིག་གནས་ཀྱི་གསོལ་སྟོན་ཆེན་མོ་ཞིག་སྟེ། གླིང་གེ་སར་རྒྱལ་པོའི་དཔའ་ཐུལ་བརྒྱ་ཡི་ཐང་ག་འགྲེམས་སྟོན་བྱེད་སྒོ་ཟླ་དགུ་པའི་ཚེས་ཉི་ཤུ་ཉིན་སི་ཁྲོན་མཛེས་རྩལ་ཁང་དུ་སྤེལ་བ་རེད། 
ཐེངས་འདིར་འགྲེམས་སྟོན་བྱེད་པའི་ཐང་ག་ནི་བོད་ཀྱི་ལྷ་རིས་སྒྱུ་རྩལ་པ་གྲགས་ཅན། རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་རྒྱུད་འཛིན་པ། སི་ཁྲོན་ཞིང་ཆེན་གྱི་བཟོ་རིག་མཛེས་རྩལ་པ་ཆེན་མོ་ལེགས་སྨོན་དང་དགེ་བ་བཟང་པོས་གསར་བཞེངས་བྱས་པའི་འཛམ་གླིང་གེ་སར་རྒྱལ་པོའི་དཔའ་ཐུལ་བརྒྱ་ཡི་སྣང་བརྙན་མཚོན་པའི་ཐང་ག་རྐྱང་རྐྱང་ཡིན་པར་མ་ཟད། སྒྱུ་རྩལ་པ་ཁོང་གི་ཁྱད་དུ་འཕགས་པའི་རྣམ་དཔྱོད་དང་ཐུན་མོང་མ་ཡིན་པའི་ལག་ཤེས་ལ་བརྟེན་ནས། གླིང་གེ་སར་རྒྱལ་པོ་དང་ཁོང་གི་དཔའ་ཐུལ་བརྒྱ་ཡི་སྣང་བརྙན་དེ་ཕྲ་ཞིང་ཞིབ་པའི་རི་མོའི་བཀོད་པ་དང་། དྭངས་ཤིང་གསལ་བའི་རི་མོའི་ཉམས་འགྱུར། མཛེས་ཤིང་སྡུག་པའི་རི་མོའི་ཁ་དོག་སོགས་ཀྱི་ལམ་ནས་གླིང་དཔའ་ཐུལ་གྱི་ཞུམ་པ་མེད་པའི་སྙིང་སྟོབས་དང་འཇིགས་པ་མེད་པའི་ཟིལ་ཤུགས་སོགས་ཧ་ཅང་གསོན་ཉམས་དོད་པའི་ངང་ནས་ལེགས་པར་བཞེངས་ཡོད་པས། འདི་ནི་འཛམ་གླིང་གེ་སར་རྒྱལ་པོའི་ངོ་མཚར་གྱི་གཏམ་རྒྱུད་ལ་རྒྱུས་ལོན་བྱེད་པའི་སྒེའུ་ཁུང་གསར་པ་ཞིག་དང་། དཔའ་བོའི་རྟོགས་པ་བརྗོད་པའི་ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོའི་བསམ་བློའི་ཉིང་བཅུད་ཉམས་སུ་མྱོང་བའི་ཐབས་ལམ་གསར་པ་ཞིག་ཏུ་འགྱུར་ངེས་རེད།


རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་འགྲེམས་སྟོན་བྱེད་སྒོ་དེ་སི་ཁྲོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་དང་། སི་ཁྲོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། སི་ཁྲོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་སོགས་ཀྱིས་མཛུབ་སྟོན་གནང་ཞིང་། སི་ཁྲོན་ཞིང་ཆེན་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས་དང་། གསེར་རྟ་རྫོང་མི་དམངས་སྲིད་གཞུང་། སེར་ཤུལ་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱེད་པ་དང་། ཁྲེང་ཏུའུ་གྲོང་ཁྱེར་ཝུའུ་ཧུའུ་ཆུས་ཅིན་དབྱང་སྲང་ལམ་དོན་གཅོད་ཁྲུའུ་དང་། སི་ཁྲོན་ཞིང་ཆེན་གྱི་ཐང་ག་དང་ཡིག་གཟུགས་སྒྱུ་རྩལ་ཡར་སྐུལ་ཚོགས་པ། གསེར་རྟ་རྫོང་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཡུལ་སྐོར་ཅུས། སེར་ཤུལ་རྫོང་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཡུལ་སྐོར་ཅུས།  ཁྲེང་ཏུའུ་ལེགས་སྨོན་རི་མོའི་སྒྱུ་རྩལ་སྤེལ་རེས་ལྟེ་གནས་བཅས་ཀྱིས་འགན་སྒྲུབ་བྱེད་ཅིང་། ཟླ་དགུ་པའི་ཚེས་བཅོ་ལྔ་ཉིན་ནས་ཟླ་དགུ་པའི་ཚེས་ཉེར་དགུ་ཉིན་གྱི་བར་སི་ཁྲོན་མཛེས་རྩལ་ཁང་དུ་འགྲེམ་སྟོན་བྱ་རྒྱུ་རེད། གཞན་ཡང་ཟླ་དགུ་པའི་ཚེས་ཉིར་གཉིས་ཉིན་ལ་གེ་སར་ཐང་གའི་སྐོར་གྱི་རིག་གཞུང་བགྲོ་གླེང་སོགས་སྤེལ་རྒྱུ་ཡིན་པར་མ་ཟད། ངེད་ཁམས་པའི་བརྙན་འཕྲིན་ཁང་གིས་འབྲེལ་ཡོད་བྱེད་སྒོ་ཐད་གཏོང་བྱ་རྒྱུ་ཡིན་པས་ཀུན་གྱིས་དུས་ལྟར་གཟིགས་པར་དགའ་བསུ་ཞུ།








ཡོང་ཁུངས། ཁམས་པའི་བརྙན་འཕྲིན།

格萨尔数字平台
该平台于2014年8月1日注册,以权威、专业、全面介绍《格萨尔》文化,展示史诗魅力。创始人巷欠才让(恰嘎·觉如),由国家社科基金项目“史诗《格萨尔》图像文化遗产的数字化保护与研究”主办。
 最新文章