གླིང་སྒྲུང་རིག་གནས།
ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་བསམ་བློ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱ་རྒྱུའི་སྐོར་གྱི་གལ་ཆེའི་གསུང་བཤད་སློབ་སྦྱོང་དང་ལག་བསྟར་བྱེད་པ། རྒྱལ་ཡོངས་དང་། ལྗོངས་ཡོངས། གྲོང་ཁྱེར་ཡོངས་བཅས་ཀྱི་བསམ་བློ་རིག་གནས་དྲིལ་བསྒྲགས་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ལྗོངས་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་དང་གྲོང་ཁྱེར་ཡོངས་ཀྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། གླིང་སྒྲུང་རིག་གནས་སྲུང་སྐྱོབ་དང་། རྒྱུན་འཛིན། འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་བསྐྲུན་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མཐོ་སྒང་གི་ཕུལ་བྱུང་ཁྱད་ལྡན་རིག་གནས་རྒྱུན་འཛིན་གསར་གཏོད་ཁུལ་འཛུགས་སྐྲུན་བྱ་ཆེད། ཟླ༡༡ཚེས༩ནས༡༠ཉིན་བར་ནག་ཆུ་གྲོང་ཁྱེར་གྱིས་དུས་ཡུན་ཉིན་གཉིས་ལ་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གེ་སར་སྒྲུང་པའི་བརྗེ་རེས་དང་བགྲོ་གླེང་ཚོགས་འདུ་འཚོགས།
རྒྱལ་ཡོངས་གེ་སར་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་འཇམ་དབྱངས་ཆོས་སྒྲོན་དང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གེ་སར་སྒྲུང་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་རྟ་མགྲིན་མཚོ། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་ཞིབ་འཇུག་པ་ཆེ་མོ་བརྩོན་འགྲུས་རྒྱ་མཚོ། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཆེ་མོ་གཞོན་པ་དབང་ཆེན་ཚེ་རིང་། བོད་རང་སྐྱོང་ལྗོངས་དམངས་ཁྲོད་སྒྱུ་རྩལ་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་རྒྱང་འཁོར་ཚེ་ཕུན་སོགས་བོད་རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་ཐིན་དང། བོད་ལྗོངས་སློབ་ཆེན། བོད་ལྗོངས་སྤྱི་ཚོགས་ཚན་རིག་གླིང་། ཆབ་མདོ་མཐོ་རིམ་སློབ་འབྲིང་། ནག་ཆུ་གྲོང་ཁྱེར་སྲིད་གྲོས། ཡུལ་ཤུལ་ཁུལ། མགོ་ལོག་ཁུལ། མངའ་རིས་སོགས་ས་ཁུལ་ནས་ཕེབས་པའི་གླིང་སྒྲུང་རིག་གནས་ཀྱི་ཆེད་མཁས་པ་དང་། ཤེས་ཡོན་པ། སྒྲུང་པ། ནག་ཆུ་གྲོང་ཁྱེར་གེ་སར་སྒྲུང་པའི་མཐུན་ཚོགས་ཀྱི་ཚོགས་མི། རྫོང་སོ་སོའི་རིག་གནས་ཡུལ་སྐོར་ཅུས་ཀྱི་འགན་འཁུར་པ་སོགས་མི་སྣ༥༠ལྷག་ཚོགས་འདུར་ཞུགས།
གླིང་སྒྲུང་རིག་གནས།
བགྲོ་གླེང་ཚོགས་འདུ་དེ་གེ་སར་སྒྲུང་པ་ཚོས་སྒྲུང་བཤད་དང་འཁྲབ་སྟོན་ལས་འགོ་ཚུགས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་ཁུལ་དང་མགོ་ལོག་ཁུལ། བོད་ལྗོངས་མངའ་རིས་སོགས་ནས་ཕེབས་པའི་སྒྲུང་པ་དང་། ནག་ཆུའི་སྒྲུང་པ༢༠ལྷག་གིས་རང་རང་སོ་སོའི་ཐུན་མིན་གྱི་ཁྱད་ཆོས་ལ་བརྟེན་ནས《 འཇང་གླིང་གཡུལ་འགྱེད》དང་། 《ཧོར་གླིང་གཡུལ་འགྱེད》《རྟ་རྒྱུག་རྒྱལ་འཇོག》སོགས་གླིང་སྒྲུང་གི་དོན་ཚན་བཤད་པ་དང་འཁྲབ་སྟོན་བྱས་ནས་གླིང་སྒྲུང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་མངོན་པར་བྱས།
གླིང་སྒྲུང་རིག་གནས།
བགྲོ་གླེང་ཚོགས་འདུའི་སྟེང་དུ་ཚོགས་ཞུགས་པ་ཚོས་གླིང་སྒྲུང་རིག་གནས་ཀྱི་ད་ལྟའི་གནས་ཚུལ་དང་། སྲུང་སྐྱོབ། རྒྱུན་འཛིན། གསར་གཏོད། གྲངས་འཛིན་ཅན་གྱི་བརྒྱུད་སྤེལ་བྱེད་ཐབས་སོགས་ཐད་ནས་བརྗེ་རེས་གཏིང་ཟབ་བྱས་ཏེ། གླིང་སྒྲུང་རིག་གནས་ཀྱི་ལོ་རྒྱུས་འབྱུང་ཁུངས་དང་། རིག་གནས་ནང་སྙིང་། རིན་ཐང་གི་དོན་སྙིང་བཅས་རྒྱས་བཤད་བྱས་པ་དང་། ཚད་ལྡན་ཅན་དང་། ལམ་ལུགས་ཅན། ཚན་རིག་ཅན་བཅས་ཀྱི་ལམ་ནས་གླིང་སྒྲུང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་བྱ་རྒྱུའི་བསམ་འཆར་དང་གྲོས་འགོ་བཏོན་ཞིང་། གླིང་སྒྲུང་རིག་གནས་དང་དེང་རབས་རིག་གནས་ཐོན་ལས་གཉིས་ཟུང་འབྲེལ་བྱས་ནས་རིག་གནས་གསར་གཏོད་དང་འཕེལ་རྒྱས་བྱ་ཐབས་སོགས་ཐད་ནས་གྲོས་བསྡུར་བྱས་པ་རེད།
གླིང་སྒྲུང་རིག་གནས།
བོད་རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་ཐིང་གིས་ནག་ཆུ་གྲོང་ཁྱེར་ལ་རང་སྐྱོང་ལྗོངས་རིམ་པའི་གླིང་སྒྲུང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་གྱི་སྒོ་བྱང་སྤྲད་པ
གླིང་སྒྲུང་རིག་གནས།
ནག་ཆུ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱིས་ཐེངས་འདིའི་བརྗེ་རེས་དང་བགྲོ་གླེང་ཚོགས་འདུ་གོ་སྐབས་སུ་བྱས་ཏེ། གླིང་སྒྲུང་རིག་གནས་སྲུང་སྐྱོབ་དང་། རྒྱུན་འཛིན། གསར་སྤེལ་བཅས་ཀྱི་བྱ་བར་མུ་མཐུད་དུ་ཤུགས་སྣོན་པ་དང་གླིང་སྒྲུང་རིག་གནས་སྔོག་འདོན་དང་ལེགས་སྒྲིག །དྲིལ་བསྒྲགས་དང་སློབ་གསོ། གཟབ་སྦྱོང་དང་གསོ་སྐྱོང་། གསར་གཏོད་དང་གཞན་སྒྱུར་བཅས་ཀྱི་ལས་དོན་གཏིང་ཟབ་སྤེལ་ནས། གླིང་སྒྲུང་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཏེ། སྲོལ་རྒྱུན་རིག་གནས་དེ་སྲུང་སྐྱོབ་ཁྲོད་ཆུ་ཚད་མཐོ་བའི་རྒྱུན་འཛིན་ཐུབ་པ་དང་། རྒྱུན་འཛིན་ཁྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བ། རྒྱལ་ཁབ་རིམ་པའི་གླིང་སྒྲུང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་བོད་ལྗོངས་ཀྱི་ས་བབ་མཐོ་ཤོས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་གྲོང་ཁྱེར་ལ་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱ་ཆེད་རིག་གནས་དང་ཡུལ་སྐོར་གྱི་བྱས་རྗེས་འཇོག་པར་བྱེད།