གློག་བརྙན《ཕྲུ་གུ་འཛིན་པ》ཞེས་པར་དཔྱད་པ། དུང་ཟིན་རྒྱལ།

政务   2024-09-12 15:03   青海  


ཚོད་འཛིན་ཁྲོད་ཀྱི་མི་ཚེ། གློག་བརྙན《ཕྲུ་གུ་འཛིན་པ》ཞེས་པར་དཔྱད་པ།

 དུང་ཟིན་རྒྱལ།
གནད་བསྡུས། ཐེངས་འདིར《ཕྲུ་གུ་འཛིན་པ》ཞེས་པའི་གློག་བརྙན་ཞིབ་འཇུག་བྱ་ཡུལ་དུ་བཟུང་ནས་གློག་བརྙན་ནང་གི་ཁྱིམ་ཚང་གི་ཁོར་ཡུག་དང་། སློབ་གསོའི་བྱེད་སྟངས། མི་སྣའི་འཚར་ལོངས་སོགས་ལ་དབྱེ་ཞིབ་བརྒྱུད་ནས་སློབ་གསོས་མི་སྒེར་གྱི་འཚར་ལོངས་ལ་ཐེབས་པའི་ཤུགས་རྐྱེན་གྱི་གལ་ཆེན་རང་བཞིན་གསལ་སྟོན་དང་། དེའི་ཁྲོད་ནས་ཐོབ་པའི་བློ་བསྐྱེད་དང་སློབ་གསོའི་འདུ་ཤེས། བྱ་ཐབས་སོགས་ལ་སྤྱི་སྡོམ་བྱས་ཡོད།

གནད་ཚིག  གློག་བརྙནཕྲུ་གུ་འཛིན་པ། སློབ་གསོ། འཚར་ལོངས་བྱུང་བ། བློ་བསྐྱེད།

དང་པོ། སྔོན་འགྲོའི་གཏམ།

གློག་བརྙན་ནི་སྒྱུ་རྩལ་གྱི་རྣམ་པ་གལ་ཆེན་ཞིག་ཡིན་པའི་ཆ་ནས་རྒྱུན་དུ་སྤྱི་ཚོགས་ཀྱི་སྣང་ཚུལ་དང་མིའི་རིགས་ཀྱི་ནང་སེམས་ཀྱི་འཇིག་རྟེན་ལ་གཏིང་ཟབ་པའི་སྒོ་ནས་ཚུར་སྣང་གཏོང་གི་ཡོད། 《ཕྲུ་གུ་འཛིན་པ》ཞེས་པའི་ནང་དེའི་དམིགས་བསལ་གྱི་མཐོང་ཟུར་དང་གསོན་ཉམས་ལྡན་པའི་བྱུང་རིམ་བརྒྱུད་དེ་སློབ་གསོས་མི་སྒེར་གྱི་འཚར་ལོངས་ལ་ཐེབས་པའི་གནད་འགག་གི་ནུས་པ་མཚོན་ཡོད་ཕྱིར། དཔྱད་རྩོམ་ཐུང་ངུ་འདིའི་དམིགས་ཡུལ་ཡང་གློག་བརྙན་འདིར་དབྱེ་ཞིབ་བྱས་པ་བརྒྱུད་ནས་གློག་བརྙན་ནང་དུ་འདུས་པའི་སློབ་གསོའི་རིན་ཐང་སྔོག་འདོན་བྱེད་འདོད་པ་དེའོ།།

གཉིས་པ། གློག་བརྙན་གྱི་འཚམས་སྦྱོར་མདོར་བསྡུས།

《ཕྲུ་གུ་འཛིན་པ》ཞེས་པ་ནི2024ལོར་ཧྲིན་ཐིན་དང་མཱ་ལི་གཉིས་ཀྱིས་གཙོ་འཁྲབ་བྱས་པའི་གློག་བརྙན་ཞིག་ཡིན་པ་དང་། གཏམ་རྒྱུད་ཀྱི་ཁུངས་སྣེ་ནི་རྟོག་བཟོ་བྱས་པའི་ཞི་ཧུང་ཧྲི་གྲོང་ཁྱེར་ཞེས་པ་ཞིག་ཏུ། ཕྱུག་བདག་མཱ་ཁྲེང་ཀང(ཧྲིན་ཐིན)དང་ཁྲུན་ལན(མཱ་ལི)གཉིས་ཀྱིས་བུ་མཱ་ཅེ་ཡཱེ་ལ་སློབ་གསོ་གཏོང་ཆེད་དུ་བཟོས་པའི་ཁུངས་ལུང་མེད་པ་དང་། དོན་དངོས་མིན་པ། ཁ་ཕྱོགས་ལྡོག་པ་སོགས་ཀྱི་སློབ་གསོའི་ལམ་བུ་བརྗོད་བྱ་བྱས་ཏེ།  བཟའ་ཟླ་གཉིས་ཀ་དབུལ་ཕོངས་ཁྱིམ་ཚང་དུ་བརྫུས་ནས་དགེ་རྒན་སྣ་ཚོགས་ལས་གྲུབ་པའི་ཚོགས་པ་ཞིག་གླས་ཤིང་། བུ་འཚར་ལོངས་ཡོང་བར་ལྟ་ཞིབ་དང་ཁྲིད་སྟོན་བྱས་པ་དེ་བརྒྱུད་ནས་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་ཁྱིམ་བདག་མང་པོས་བྱིས་པའི་སློབ་གསོའི་ལ་བཟུང་བའི་ལྟ་སྟངས་ཐད་བྱུང་དང་འབྱུང་བཞིན་པའི་གནད་དོན་སྐོར་ཞིག་མཚོན་ཡོད།

གསུམ་པ། སློབ་གསོའི་ངོས་ལས་གློག་བརྙན་ཁྲོད་ཀྱི་ཁྱིམ་ཚང་གི་ཁོར་ཡུག་ལ་དབྱེ་ཞིབ་བྱེད་པ།
གཅིག ཕ་མའི་སློབ་གསོའི་འདུ་ཤེས།
གློག་བརྙན་ནང་ཁྱིམ་བདག་གི“ཕྲུ་གུ་འཛིན་པ”དེ་ཚོང་རའི་རོལ་རྩེད་ནང་གི་རྩེད་ཆས་འཛིན་པར་དཔེ་བཞག་སྟེ། “འཛིན་པ”ནི་བརྒྱུད་རིམ་ཞིག་ཡིན་པས། ཇི་ལྟར་ཡང་དག་པ་དང་འོས་འཚམ་ཡོང་བ་བྱ་རྒྱུ་ནི་ད་གཟོད“ཕྲུ་གུ་འཛིན་པའི”ཁྲོད་བསམ་བློ་གཏོང་དགོས་པའི་གནད་འགག་གི་གནད་དོན་ཞིག་རེད། ཕ་མ་ཚོས་དཀའ་སྡུག་མང་པོ་མྱང་རྗེས་གཞི་ནས་བྱ་གཞག་ཅིག་བསྒྲུབས་པ་ལ་རང་གི་བྱིས་པ་ཚོས་ཀྱང་ཁོ་ཚོ་དང་འདྲ་བར་དཀའ་སྡུག་མྱངས་ནས་སྙིང་སྟོབས་སྦྱོང་བརྡར་བྱས་ཏེ་གྲུབ་འབྲས་ཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། གློག་བརྙན་ནང་ཁྱིམ་བདག་གིས“བྱིས་པའི་ཆེད་དུ་”ཞེས་པའི་མིང་སྟེང་ནས་བྱིས་པར་འཆར་འགོད་དང་བཀོད་སྒྲིག་སྣ་ཚོགས་བྱས་ཀྱང་བྱིས་པའི་བསམ་ཚུལ་དང་མྱོང་ཚོར་ངོ་མ་སྣང་མེད་དུ་བཞག་ཡོད་དེ། སུའུ་ཧོ་མུའུ་ལིན་སི་ཅི་ཡིས“འཚོ་བའི་ཁྲོད་དུ་མི་དང་བྱ་བ་མང་པོ་ཞིག་གིས་བྱིས་པར་ཤུགས་རྐྱེན་ཐེབས་སྲིད། ཤུགས་རྐྱེན་དེ་ནི་དགེ་མཚན་ལྡན་པ་ཞིག་ཡིན་སྲིད་ལ། སྒྱིད་ལུག་ཞིག་ཀྱང་ཡིན་སྲིད”ཅེས་གསུངས་པ་ལྟར། གློག་བརྙན་ནང་དུའང་སྤྱི་ཚོགས་ཀྱི་དོན་དངོས་ཁྲོད་ཀྱི་སྣང་ཚུལ་འགའ་གསལ་སྟོན་བྱས་ཡོད་ལ། འབྱོར་འབྲིང་འཚོ་བའི་ཁྱིམ་བདག་ཚོས་སློབ་གསོར་སེམས་ཁྲལ་བྱེད་པ་དང་བྱིས་པའི་འབྱུང་འགྱུར་ལ་རེ་སྒུག་ཚད་ལས་བརྒལ་བ་ལྟ་བུ་བྱེད་པ་རེད། དཔེར་ན། མཱ་ཁྲེང་ཀང་གིས་རང་ཉིད་ཀྱི་གྲུབ་འབྲས་དེ་ཆུང་དུས་ཀྱི་དཀའ་སྡུག་གི་རྔུལ་ཆུ་ལས་ཐོན་པར་བརྩིས་ནས་བུ་ལའང་དེ་དང་འདྲ་བའི་གསོ་སྐྱོང(རྒྱུན་འཛིན་གྱི་འཆར་གཞི)བྱས་པ་ལྟ་བུ་རེད། དེ་ལས་ཁྱིམ་བདག་ཁག་གཅིག་གིས་ཤུགས་ཆེན་པོས་སློབ་གསོར་མ་དངུལ་བཏང་ནས་བྱིས་པའི་འབྱུང་འགྱུར་གྱི་འཚོ་བ་བརྟན་པོ་ཡོང་བའི་རེ་བ་བྱེད་ཀྱི་ཡོད་མོད། འོན་ཀྱང་སློབ་གསོའི་གནོན་ཤུགས་ཚད་ལས་བརྒལ་བ་དེས་བྱིས་པའི་འཚར་ལོངས་ལ་ཤུགས་རྐྱེན་ངན་པ་བཟོ་སྲིད་པ་མཚོན་གྱི་ཡོད་པ་རེད། ཕྱོགས་ཐ་དད་པའི་ཇུས་འགོད་ཀྱི་སློབ་གསོ་བྱེད་སྟངས་འདིའམ་ཡང་ན་མཇུག་འབྲས་ཁོ་ནར་མཐོང་ཆེན་བྱེད་པའི་སློབ་གསོ་འདི་རིགས་ཀྱིས་འཚར་ལོངས་རང་བཞིན་གྱི་བསམ་གཞིགས་འཛུགས་པར་མི་ཕན་པར་མ་ཟད། དེ་ལས་ལྡོག་སྟེ་བྱིས་པའི་རང་རྟོགས་དང་ཡར་ཐོན་ལ་བཀག་འགོག་བཟོ་སྲིད།

གཉིས། ཁྱིམ་ཚང་སློབ་གསོའི་་དབུགས།

ཁྱིམ་བདག་མང་པོ་ཞིག་གིས་བྱིས་པ་ཆུང་དུས་ནས་འཚོ་བ་སྐྱིད་པོ་རོལ་བར་སྐྲག་སྟེ། ནར་སོན་རྗེས་དཀའ་སྡུག་དང་འཕྲད་ཚེ་དང་ལེན་བྱེད་དཀའ་བར་སེམས་ཁུར་བྱེད་བཞིན་ཡོད་ལ། “དཀའ་སྡུག་གི་སློབ་གསོའི”ངོས་ནས་བལྟས་ན། བབས་འོས་ཀྱི་ཀྱག་ཀྱོག་གིས་མི་སྒེར་གྱི་འཚར་ལོངས་ལ་སྐུལ་འདེད་གཏོང་ཐུབ་པ་དང་། བྱིས་པའི་འཚོ་བར་ཀྱག་ཀྱོག་བཟོས་ན་གནོན་ཤུགས་སེལ་པ་དང་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་མཐོར་འདེགས་སུ་གཏོང་ཐུབ་མོད། འོན་ཀྱང་གློག་བརྙན་ནང་མཱ་ཁྲེན་ཀང་བཟའ་ཟླ་གཉིས་ཀྱིས་བུ་མཱ་ཅེ་ཡཱེ་ལ་སྦྱོང་བརྡར་བྱ་ཆེད། ཁང་བཟང་ནས་སྦུག་དབྱིབས་ཐོག་ཁང་དུ་སྤོས་ནས་དབུལ་ཕོངས་ཀྱི་ཁོར་ཡུག་རྫུན་མ་ཞིག་བསྐྲུན་པ་ལས། ཁུངས་ལུང་མེད་པའི་སློབ་གསོའི་བྱ་ཐབས་འདིའི་རིགས་ཀྱིས་མཱ་ཅེ་ཡཱེ་ལ་རྫུན་གཏམ་ཁྲོད་འཚོ་བ་སྐྱེལ་དུ་བཅུག་པ་མ་ཟད། ད་དུང་འཇུ་སྟོབས་ལས་བརྒལ་བའི་གནོན་ཤུགས་སྦྱིན་པས་བྱིས་པའི་རང་སྟོབས་རང་སྤེལ་དང་། རང་རློམ་ཡིད་ཆེས་ལ་ཤུགས་རྐྱེན་ངན་པ་བཟོ་ངེས་ཤིང་འཚོ་བ་ལོངས་སྤྱོད་བྱེད་པའི་དུས་ཚོད་དང་སེམས་ཤུགས་ཀྱང་མེད་པར་འགྱུར་ངེས་ལ། ད་དུང་བྱིས་པའི་རང་ཚུགས་དང་རང་ཉིད་ངོས་ཟིན་ལ་གནོད་པ་ཆེན་པོ་འབྱུང་སྲིད། “གཅིག་བྱས་ན་བྱིས་པར་དགོས་མཁོ་ཆེ་ཤོས་ནི་ཁོ་ལ་རང་ཉིད་བྱེད་དུ་འཇུག་རྒྱུ་དེ་ཡིན་ལ། མི་གཞན་གྱིས་བརྩི་བཀུར་དང་ཁས་ལེན་བརྩོན་ལེན་བྱེད་པའི་རང་ཉིད་ངོ་མ་དེ་འཁྱོངས་དགོས”②པའི་གནས་ལུགས་སོ།།

བཞི་པ། གློག་བརྙན་ཁྲོད་ཀྱི་སློབ་གསོའི་མངོན་སྟངས།

གཅིག དགེ་རྒན་གྱི་གནས་བབ་དང་ནུས་པ།
གློག་བརྙན་ཁྲོད་དུ། དགེ་རྒན་ཝེ་ལགས་ཀྱིས་བཤད་པའི“ནོར་འཁྲུལ"དེ་གཉིས་ལ་དོན་དངོས་སུ་ཀུ་རེ་ལྟ་བུའི་རོལ་རྩེད་ཀྱི་ཁྱད་ཆོས་ངེས་ཅན་ཞིག་ལྡན་ཡོད། དེ་ནི་སློབ་གསོའི་མཇུག་འབྲས་ལ་སྒྲོ་བཏགས་ཞིབ་བརྗོད་བྱས་པ་ཞིག་ཀྱང་རེད་མོད། དེ་ལས་དགེ་རྒན་ཝེ་ལགས་ཀྱིས་སློབ་ཁྲིད་བྱེད་པའི་གོ་རིམ་ཁྲོད་ཚོད་འཛིན་བྱེད་ཐབས་བྲལ་བའི་རྒྱུ་རྐྱེན་ལའང་ངེས་པར་དུ་འཕྲད་སྲིད་པ་མཚོན་འདུག དེའི་ཕྱིར། དགེ་རྒན་ཝེ་ལགས་ཀྱི་མི་ཚེ་གང་བོའི་ནོར་འཁྲུལ་ཆེས་ཆེ་ཤོས་ནི་གོ་གནས་འཕར་བའི་གོ་སྐབས་ཤོར་བ་ཙམ་མ་ཡིན་པར། སེམས་ཁམས་རྒྱུན་ལྡན་མིན་པའི་སློབ་མ་ཞིག་ལ་གདོང་གཏོད་སྐབས་སེམས་ཁུར་དང་རྒྱུས་ལོན་མི་བྱེད་པ་དེ་རེད། དེ་ནི་དགེ་རྒན་ཝེ་ལགས་ཀྱི་མི་ཚེ་གང་བོའི་ནོར་འཁྲུལ་ཆེ་ཤོས་དེ་

ཡིན་ལ། ཁོས་རང་གི་སློབ་མར་རོགས་རམ་དང་སློབ་མར་དཀའ་ངལ་ལས་སྒྲོལ་བའི་གོ་སྐབས་ཤོར་ཏུ་བཅུག་པར་མ་ཟད། དགེ་སློབ་བར་གྱི་མཛའ་གཅུགས་ཀྱི་འབྲེལ་བ་འཛུགས་པའི་གོ་སྐབས་ཀྱང་ཤོར་བ་རེད། ནོར་འཛོལ་དེ་རིགས་ཀྱིས་སློབ་མའི་འཚར་ལོངས་དང་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པར་མ་ཟད། དགེ་རྒན་རང་ཉིད་ཀྱི་སློབ་གསོའི་བྱ་བཞག་ཐད་ནས་ཀྱང་བློ་ཕམ་དང་ནོངས་འགྱོད་སྐྱེས་ངེས་པ་ཞིག་རེད།

གཉིས། བཅའ་ཁྲིམས་ཀྱི་ངོས་ལས་སློབ་གསོའི་གནད་དོན་ལ་བལྟ་བ།

གློག་བརྙན་ལས། མཱ་ཅེ་ཡཱེ་ལ་རྒྱང་རྒྱུག་ཐད་དགའ་ཕྱོགས་དང་འཇོན་ཐང་བླ་ལྷག་ཅིག་ཡོད་མོད། ཕ་མས་རང་ཉིད་ཀྱི“སློབ་གྲྭ་གྲགས་ཅན་གྱི་ཕུགས་འདུན”དེ་བྱིས་པའི་སྟེང་ལ་བཙན་འགེལ་དང་། ད་དུང་སྨན་ཡིག་རྫུན་མ་བཟོས་ནས“ལུས་རྩལ་དྲག་པོ་བྱ་མི་རུང་བའི”ཐ་ཚིགས་བསྒྲགས་ཏེ། བྱིས་པའི་ཕུགས་འདུན་དེ་མེ་སྟ་ཆུ་ལ་བྲན་པ་ལྟར་དུ་བཟོས་སོང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་བྱིས་པར་སྲུང་སྐྱོབ་བྱེད་པའི་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་གསུམ་པའི་ཚན་པ་ལྔ་པའི་གཏན་འབེབས་ལྟར་ན། ནར་མ་སོན་པའི་བྱིས་པར་སྲུང་སྐྱོབ་བྱེད་དུས། ནར་མ་སོན་པའི་བྱིས་པར་ཆེས་ཕན་པའི་རྩ་དོན་མཐའ་འཁྱོངས་བྱ་དགོས་ཏེ། ནར་མ་སོན་པའི་བྱིས་པའི་དོན་དག་གང་ཞིག་ཐག་གཅོད་བྱེད་སྐབས། ནར་མ་སོན་པའི་བྱིས་པའི་བསམ་ཚུལ་ལ་བརྩི་མཐོང་བྱེད་དགོས། ནར་མ་སོན་པའི་བྱིས་པ་དང་ཕ་མའི་བསམ་འཆར་གཅིག་མཐུན་མིན་པའི་སྐབས་སུ། ཕ་མས་ནར་མ་སོན་པའི་བྱིས་པའི་འདོད་མོས་ལ་བརྩི་འཇོག་བྱས་ཏེ། མི་གཞི་འདྲ་མཉམ་གྱི་རྨང་གཞིའི་སྟེང་བསམ་བློ་བརྗེ་རེས་བྱས་ཏེ། ནར་མ་སོན་པའི་བྱིས་པར་རང་ངོས་དང་ཕྱི་རོལ་ཡུལ་གྱི་དོན་དངོས་གཉིས་ལས་དབྱེ་ཞིབ་བརྒྱུད་བྱས་ནས་ནར་མ་སོན་པའི་བྱིས་པར་ཆེས་ཕན་པའི་ཇུས་གཞི་དེར་གདམ་གསེས་བྱེད་དགོས།

ལྔ་པ། གློག་བརྙནཕྲུ་གུ་འཛིན་པཔ་ལས་ཐོབ་པའི་སློབ་གསོའི་བློ་བསྐྱེད།

གཅིག དགེ་རྒན་ཚོར་གདམས་པའི་བསླབ་བྱ།

གློག་བརྙན་ནང་། མཱ་ཆེ་གེ་མོས་མཱ་ཅེ་ཡཱེ་ལ་སློབ་ཆུང་གི་རྩིས་རིག་ཤེས་བྱར་བརྟེན་ནས་ཐག་གཅོད་དགོས་པའི་རྩིས་གཞི་ཞིག་དྲིས་པ་དང་། ཤ་ཚོང་ཁང་གི་སྦྱིན་བདག་གིས་མཱ་ཅེ་ཡཱེ་ལ་དམའ་རིམ་སློབ་འབྲིང་གི་ཤེས་བྱར་བརྟེན་ནས་ཐག་གཅོད་དགོས་པའི་རྩིས་གཞི་ཞིག་དྲིས་བྱུང་ལ། ཡང་ཁྱིམ་མཚེས་ཀྱིས་མཱ་ཅེ་ཡཱེ་ལ་མཐོ་རིམ་སློབ་འབྲིང་གི་ཤེས་བྱར་བརྟེན་ནས་ཐག་གཅོད་དགོས་པའི་རྩིས་གཞི་ཞིག་དྲིས་པར། མཱ་ཅེ་ཡཱེ་ཡིས་ལན་ཧ་ཅང་ཡག་པོ་ཞིག་བཏོན་བྱུང་བས། “རྩིས་རིག་ནི་འཚོ་བ་ལས་བྱུང་བ་དང་འཚོ་བར་ཞབས་འདེགས་ཞུ་བཞིན་ཡོད། འཚོ་བ་ནི་རྩིས་རིག་གི་འགོ་འཛུགས་ས་དང་གཞི་ཚུགས་ས”ཡིན་པའི་བསམ་བློ་ར་སྤྲོད་བྱས་སོང་། དེར་བརྟེན། ལོ་རིམ་དམའ་བར་སློབ་ཁྲིད་བྱེད་སྐབས་སློབ་མར་གནད་དོན་དངོས་ཀྱི་ཁོར་ཡུག་གསར་བསྐྲུན་བྱེད་དགོས་པ་དང་། དགེ་རྒན་གྱིས་དམར་ཁྲིད་ཀྱི་ཁོར་ཡུག་འོག་སློབ་མར་ཁྲིད་སྟོན་དང་བློ་སྒོ་འབྱེད་དགོས་ཤིང་སློབ་མས་གནས་ཚུལ་དངོས་ལ་རྒྱུས་ལོན་བྱས་ནས་གནད་དོན་ཤེས་རྟོགས་དང་། གནད་དོན་འདོན་པ། གནད་དོན་དབྱེ་ཞིབ། གནད་དོན་ཐག་གཅོད་བཅས་ལས་རྩིས་རིག་བྱ་འགུལ་གྱི་ཉམས་མྱོང་གསོག་འཇོག་དང་ཉེར་སྤྱོད་འདུ་ཤེས་ཆགས་པར་བྱས་ཏེ་སློབ་མའི་སློབ་སྦྱོང་གི་བསམ་གཞིགས་གསོ་སྐྱོང་བྱེད་དགོས། རྒྱུན་སྲོལ་གྱི་སློབ་ཁྲིད་ཁྲོད། དགེ་རྒན་གྱིས་ཁོར་ཡུག་གསར་གཏོད་དང་སློབ་མའི་ཉམས་ལེན་ལ་སྣེ་ཁྲིད་བྱེད་པ་གཙིགས་སུ་བཟུང་ནས། གཟའ་མཇུག་ཏུ་ལག་ལེན་རང་བཞིན་གྱི་སྦྱོང་བརྡར་བརྒྱུད་དེ་ཤེས་བྱའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་སྙམ། བཤད་ཚུལ་ཞིག་ལ་སྐད་ཡིག་དགེ་རྒན་གྱི་མིག་ནང་དུ“ཡུལ་ལྗོངས་ཀྱི་སྐད་ཆ་ཚང་མ་བརྩེ་དུང་གི་སྐད་ཆ་ཡིན”ཞེས་པ་དང་། རྩིས་རིག་དགེ་རྒན་གྱི་མིག་ནང་དུ“འཚོ་བ་ཐམས་ཅད་རྩིས་རིག་ཡིན”ཞེས་པ་དང་འདྲ་བར། རང་ཉིད་ཀྱི་བསམ་གཞིགས་དང་ལག་ལེན་ལ་བརྟེན་ནས་རང་ཉིད་ཀྱི་སློབ་མར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པས་ན། འདི་ནི་ད་གཟོད་སློབ་གསོ་ངོ་མ་ཞིག་དང་དགེ་རྒན་རྣམ་ལ་གདམས་པའི་བསླབ་བྱ་ཞིག་ཀྱང་ཡིན་ངེས།

གཉིས། བྱིས་པའི་རང་གཤིས་དང་དགའ་ཕྱོགས་ལ་དོ་སྣང་བྱ་དགོས།

བྱིས་པའི་འཚར་ལོངས་ཀྱི་ཆོས་ཉིད་ལ་བརྩི་འཇོག་བྱེད་པ་ནི་རྩ་བའི་རྩ་བ་ཡིན་ལ། བྱིས་པའི་འཚར་ལོངས་ཀྱི་ཆོས་ཉིད་ལ་གོ་རིམ་རང་བཞིན་དང་། བར་ཁྱད་དང་སྣ་མང་རང་བཞིན། ངེས་གཏན་མིན་པའི་རང་བཞིན། རང་སྐྱ་ཐུབ་པའི་རང་བཞིན་བཅས་ཡོད། མི་ཚེ་ནི་མ་གཞི་ནས་གང་སར་སྐབས་བསྟུན་དོན་རྐྱེན་གྱིས་ཁེངས་ཡོད་པས། གལ་ཏེ་བྱིས་པ་ཞིག་ཆུང་དུས་ནས་ཐེག་སྒུལ་འདྲ་གཟུགས་ཇི་བཞིན་དམིགས་ཡུལ་གཅིག་ལ་གཏན་འཁེལ་བྱས་ཚེ། མཇུག་འབྲས་ནི་ཧ་ཅང་མི་ལེགས་པ་ཞིག་དང་འཚར་ལོངས་ཀྱི་ཆོས་ཉིད་དང་འགལ་འགྲོ་བས། ཕ་མ་ཡོན་ཏན་ཅན་ཞིག་རྒྱུན་འཁྱོངས་བྱ་དགོས་ཚེ་ཐོག་མར་རང་དཔེ་གཞན་སྟོན་བྱེད་པ་པ་དང་བྱིས་པའི་དགའ་ཕྱོགས་ལ་དོ་སྣང་བྱེད་དགོས་ལ། དེར་དགོས་ངེས་ཀྱི་རྒྱབ་སྐྱོར་དང་རོགས་རམ་ཀྱང་བྱེད་དགོས།

གློག་བརྙན་ནང་། མཱ་ཅེ་ཡཱེའི་ཕ་མས་བྱིས་པརདམིགས་བསལ"གྱི་ཐབས་ལམ་བཟོས་པ་ལས་བྱིས་པའི་རང་ངོས་ཀྱི་དགའ་ཕྱོགས་དང་ཕུགས་འདུན་སྣང་མེད་དུ་བཞག་འདུག གློག་བརྙན་ལས་མཱ་ཅེ་ཡཱེ་ནི་བྱིས་པ་བསམ་ཤེས་དང་གུས་ལུགས་ལྡན་པ་ཞིག་ཡིན་པར་མ་ཟད། ད་དུང་རྒྱང་རྒྱུག་ཐད་དགའ་ཕྱོགས་དང་འཇོན་ཐང་བླ་ལྷག་ཅིག་ཡོད་པས། འདི་ལས་ང་ཚོར་སྦྱིན་པའི་བློ་བསྐྱེད་ནི་ཕ་མས་བྱིས་པའི་བསམ་ཚུལ་ལ་ཉན་དགོས་པ་དང་། བྱིས་པའི་མི་གཞི་ལ་བརྩི་བཀུར་བྱེད་དགོས་པ།  བྱ་དངོས་འཚོལ་སྙེག་བྱེད་པར་རྒྱབ་སྐྱོར་ཡོད་དགོས་པ། བྱིས་པར་སྒེར་ཚུགས་ཀྱི་བསམ་བློ་ཆགས་པར་རོགས་རམ་བྱེད་པ་སོགས་ལས། རང་གི་རེ་བ་བྱིས་པར་བཙན་འགེལ་བྱེད་པའམ་ཡང་ན་གྲུབ་འབྲས་ཁོ་ན་འཚོལ་སྙེག་བྱེད་མི་རུང་བའི་གནས་ལུགས་བསྟན་འདུག དཔེར་ན། བལྟས་ན་སྐྱིད་སྐྱིད་འདྲ་བའི་མཱ་ཅེ་ཡཱེ་ལ་ཅིའི་ཕྱིར་དེ་འདྲའི་མགོ་འཐོམ་དང་སྡུག་བསྔལ་སྐྱེས་པ་རེད། ཅིའི་ཕྱིར་ཁོས་མཐོ་རྒྱུགས་ཀྱི་སྐབས་སུ་རྒྱུགས་ཤོག་སྟེང་ལ་རང་དབང་གིས་འཕུར་བའི་ཕུག་རོན་ཅིག་བྲིས་ནས་སྤྲད་པ་རེད། འདི་དག་ནི་བྱིས་པའི་ཕུགས་འདུན་སྣང་མེད་དུ་བཞག་སྟེ་ཕ་མས་ཁུངས་ལུང་མེད་པའི་སློབ་གསོའི་བྱེད་སྟངས་ལ་ངོ་རྒོལ་བྱས་པ་རེད།  

ཁྱིམ་ཚང་སློབ་གསོའི་ཁྲོད་དུ“བྱིས་པའི་གནས་ཚུལ་ལ་རྒྱུས་ལོན་ཡོད་དགོས་ཤིང་། བྱིས་པའི་དགའ་ཕྱོགས་ནས་རྐང་ཚུགས་ཏེ། རྩ་བ་རྒྱས་ཤིང་རྩེ་མོ་འབུས་སུ་འཇུག་དགོས”③ཞེས་པ་ལས། ཕ་མ་ཡིན་ཡང་བྱིས་པར་དམའ་འབེབས་དང་བཙིར་གནོན་བྱ་མི་རུང་སྟེ། བྱིས་པའི་དགའ་ཕྱོགས་ལ་གཅེས་སྐྱོང་བྱས་ནས་ཁོ་ཚོའི་འཚར་ལོངས་དང་ཡར་ཐོན་ལ་བསྟོད་བསྔགས་བྱས་ཏེ་རང་བཀུར་གྱི་འདུ་ཤེས་མཐོར་འདེགས་སུ་གཏོང་དགོས།

གསུམ། བྱིས་པའི་རང་སྟེང་ནས་དཀའ་ངལ་སེལ་བའི་ནུས་པ་གསོ་སྐྱོང་བྱ་དགོས།

གློག་བརྙན་ནང་མཱ་ཁྲེང་ཀང་གིས་མཱ་ཅེ་ཡཱེ་ཡིས་མ་འོངས་པ་ན་མཱ་ཚང་གི་བྱ་གཞག་ཆེན་པོ་རྒྱུན་འཛིན་བྱ་ཆེད།  རང་གི་བྱིས་པ་དཀའ་སྡུག་དང་ཀྱག་ཀྱོག་ཁྲོད་འཚར་ལོངས་བྱུང་བར་རེ་བ་བྱེད་ཀྱི་ཡོད་ལ། འོན་ཀྱང་བར་ཆད་ནི་མིས་བཟོས་པའི་འགོག་རྐྱེན་ཞིག་མིན་མོད། མཱ་ཁྲེང་ཀང་བཟའ་ཟླ་གཉིས་ཀྱིས་ཁྱིམ་ཚང་དབུལ་བོ་ཞིག་ཏུ་བརྫུས་ནས་བྱིས་པར་དཀའ་ཚེགས་ཆེ་བའི་ཁོར་ཡུག་ཁྲོད་འཚར་ལོངས་ཡོང་བར་བསམ་ཡོད་པས། བཙན་གྱིས་བཟོས་པའི་བར་ཆད་དེས་བྱིས་པར་བློ་བརྟན་འགྱུར་མེད་ཀྱི་གཤིས་རྒྱུད་གསོ་སྐྱོང་བྱེད་ཐུབ་པའི་ངེས་པ་མེད་དེ། དེ་ལས་ལྡོག་སྟེ་བྱིས་པར་འགལ་འདུ་དང་སྡུག་བསྔལ་གྱི་ཚོར་སྣང་ཡོང་གི་ཡོད། ཀྱག་ཀྱོག་གི་སློབ་གསོ་ངོ་མ་ནི་འཚོ་བའི་ཁྲོད་དཀའ་གནད་དང་འཕྲད་སྐབས་རང་དཔེ་གཞན་སྟོན་བྱས་ཏེ་ཕྲུ་གུར་དཀའ་ངལ་ཐེག་ནུས་པ་དང་ཁོར་ཡུག་ལ་འཕྲོད་པའི་ནུས་པ་རིམ་བཞིན་ཆགས་སུ་འཇུག་དགོས་པ། དཀའ་ངལ་ལ་མི་སྐྲག་པ་དང་། བློ་བརྟན་འགྱུར་མེད་དང་ཡར་རྒྱས་བརྩོན་ལེན་བྱེད་པའི་སྙིང་སྟོབས་གསོ་སྐྱོང་བྱ་རྒྱུ་དེ་ཡིན། དཀའ་སྡུག་རང་སྟེང་ལ་དོན་སྙིང་ཅི་ཡང་མེད་དེ། དཀའ་སྡུག་ལ་ཇི་ལྟར་གདོང་གཏོད་དགོས་པ་དེ་ནི་ད་གཟོད་ཀྱག་ཀྱོག་གི་སློབ་གསོའི་དོན་སྙིང་ཡིན།  གློག་བརྙན《ཨ་ཀན་གྱི་གཏམ་རྒྱུད》ཞེས་པའི་གློག་བརྙན་ཁྲོད་ཀྱི་འཁྲབ་ཚིག་གྲགས་ཅན་ཞིག་ཏུ།“ཚེ་སྲོག་ནི་ཁྲོག་ལེ་སྒམ་གང་དང་འདྲ་ལ། སྒ་ཁ་མ་ཕྱེ་བའི་སྔོན་དུ་ཁྱོད་ཀྱིས་ནམ་ཡང་བྲོ་བ་ངོ་མ་དེ་ཚོར་མི་སྲིད།”ཞེས་པའི་སྐད་ཆ་འདིས་ཚེ་སྲོག་གི་ལྐོག་གྱུར་རང་བཞིན་དང་སྐབས་བསྟུན་རང་བཞིན་མཚོན་ཡོད་ཅིང་། ཨ་ཀན་གྱི་གཏམ་རྒྱུད་ཀྱིས་ང་ཚོར་ཚེ་སྲོག་གི་འགྱུར་བ་ལ་ང་ཚོ་སྐྲག་དགོས་པ་དང་གཡོལ་དགོས་པ་མ་ཡིན་པར། དེ་ལས་ལྡོག་སྟེ། ང་ཚོས་དཔའ་ངར་ཆེན་པོས་དེ་ལ་གདོང་གཏོད་དགོས་པའི་གནས་ལུགས་བསྟན་ཡོད། རྒྱུ་མཚན་ནི་དེ་ནི་ང་ཚོའི་ཕུགས་བསམ་དང་དམིགས་འབེན་མངོན་འགྱུར་བྱེད་པའི་གནད་འགག་ཞིག་ཀྱང་ཡིན་ངེས།

དྲུག གློག་བརྙནཕྲུ་གུ་འཛིན་པཞེས་པའི་སྟོང་ཆ་རགས་ཙམ་གླེང་བ།

སྤྱིར་ན《ཕྲུ་གུ་འཛིན་པ》ཞེས་པའི་ཚོང་ལས་གློག་བརྙན་འདིས་གྲུབ་འབྲས་མི་དམན་པ་ཞིག་བླངས་ཡོད་མོད། འོན་ཀྱང་ཨོ་སི་ཁཱའི་བྱ་དགའ་ཐོབ་པའི་གློག་བརྙན་དེ་ཚོ་དང་བསྡུར་ཚེ། གློག་བརྙན་འདིའི་ནང་དོན་དོན་དངོས་དང་ཁ་ཐག་རིང་བ། བརྗོད་བྱ་གཙོ་བོའི་མཚོན་ཚུལ་ལ་ཟབ་ཚད་མེད་པ།  གཏམ་རྒྱུད་ཀྱི་འགྲོས་ཚད་འོས་འཚམས་མིན་པ། ཆོས་ཉིད་དང་འགལ་བ། མཇུག་འབྲས་བསྡུས་སླ་བ་སོགས་ཀྱི་གནད་དོན་མང་པོ་ཡོད་པ་རེད། དཔེར་ན། ཨོ་སི་ཁཱའི་བྱ་དགའ་ཐོབ་པའི་གློག་བརྙན་ཁག་ཅིག་གིས་སྤྱི་ཚོགས་ཀྱི་དོན་དངོས་དང་། མི་གཤིས། ལོ་རྒྱུས་སོགས་ཀྱི་གནད་དོན་གཏིང་ཟབ་ཀྱིས་མཚོན་གྱི་ཡོད་པས་ལྟད་མོ་བར་གོ་བསྐོན་བློ་འགུགས་ཀྱི་མྱོང་བ་སྟེར་མོད། གློག་བརྙན《ཕྲུ་གུ་འཛིན་པ》ཞེས་པར་སྤྲོ་གར་གྱི་རོལ་རྩེད་རང་བཞིན་ལ་དོ་སྣང་ཆེན་པོ་བྱེད་པ་ལས་བརྗོད་བྱའི་ཟབ་ཚད་ལ་དེ་འདྲའི་བསམ་བློ་བཏང་མེད་པར་མ་ཟད། གསར་གཏོད་རང་བཞིན་གྱི་ཐད་ནས་ཀྱང་སྲོལ་རྒྱུན་གྱི་སྤྲོ་གར་འཁྲབ་གཞུང་གི་རྣམ་པ་འགའ་ཞིག་ལ་ལད་ཟློས་བྱས་འདུག

སྤྱིར་གློག་བརྙན་ཚང་མར་སོ་སོའི་ཁྱད་ཆོས་དང་རིན་ཐང་ལྡན་ཡོད་པས་གློག་བརྙན་ཡོད་དོ་ཅོག་ཨོ་སི་ཁཱའི་གློག་བརྙན་གྱི་ཚད་གཞིར་སླེབས་དགོས་ཞེས་ཀྱང་སྨྲ་བར་མི་སྤོབས་ཏེ། གློག་བརྙན《ཕྲུ་གུ་འཛིན་པ》ཞེས་པ་བརྒྱུད་ནས། ཁྱིམ་ཚང་སློབ་གསོའི་གནད་དོན་ཐད་ལ་བློ་བསྐྱེད་ཕྲན་ཙམ་ཐེབས་སྲིད་བསམ།

བདུན་པ། བསྡོམས་ཚིག

《ཕྲུ་གུ་འཛིན་པ》ཞེས་པའི་གློག་བརྙན་འདི་ལས་ཁུངས་ལུང་མེད་པའི་བྱུང་རིམ་དང་གཏིང་ཟབ་པའི་བརྗོད་བྱ་བརྒྱུད་དེ་ཁྱིམ་ཚང་སློབ་གསོ་དང་སྤྱི་ཚོགས་གནས་བབ་ཀྱི་གནད་དོན་ལ་དཔྱད་བསྡུར་བྱས་ཡོད། སེམས་ཁམས་རིག་པའི་ངོས་ནས་བལྟས་ན། གློག་བརྙན་ནང་ཁྱིམ་ཚང་གི་སློབ་གསོའི་བྱེད་སྟངས་ཀྱི་སྐྱོན་ཆ་གསལ་སྟོན་བྱས་ཡོད་པར་མ་ཟད། མི་སྒེར་གྱི་འཚར་ལོངས་དང་། ཕ་བུའི་འབྲེལ་བ། སྤྱི་ཚོགས་དྲང་གཞག་སོགས་ཀྱི་གནད་དོན་ཐེར་འདོན་བྱས་འདུག  གློག་བརྙན་འདི་ལས་མི་རྣམས་ལ་སློབ་གསོའི་ཕན་འབྲས་དོན་གཉེར་བྱེད་པ་དང་དུས་མཚུངས་སུ་བྱིས་པའི་སེམས་ཁམས་ཀྱི་དགོས་མཁོ་དང་རང་གཤིས་འཕེལ་རྒྱས་ལ་སྣང་ཆུང་བྱེད་མི་རུང་བར། དེ་བས་ཀྱང་སྒེར་ཚུགས་ཅན་དང་། འདྲ་མཉམ། སྣ་མང་བཅས་ཀྱི་སློབ་གསོའི་འདུ་ཤེས་དར་སྤེལ་གཏོང་དགོས་པ་དྲན་སྐུལ་བྱས་འདུག

  ང་ཚོའི་སློབ་གསོའི་མཐར་ཐུག་གི་དམིགས་ཡུལ་ནི་བྱིས་པ་བདེ་ཐང་དང་སྐྱོན་བྲལ་ངང་རང་ལ་ཡིད་ཆེས་དང་། བློ་བརྟེན། མ་འོངས་པའི་འགྲན་སློང་ལ་ཁ་གཏད་འཇལ་ནུས་པའི་མི་ཞིག་འཁྱོངས་བར་རོགས་རམ་བྱ་རྒྱུ་དེ་ཡིན་པས། དེ་ལས་ལྡོག་སྟེ་བར་ཆད་དང་ཀྱག་ཀྱོག་བཟོས་ནས་བྱིས་པའི་སེམས་ཁམས་ལ་གནོན་ཤུགས་གཏོང་རྒྱུ་དེ་མ་ཡིན་པར། བྱིས་པའི་ནང་སེམས་ཀྱི་དགོས་མཁོ་དང་འཚར་ལོངས་ཀྱི་གོམ་འགྲོས་ལ་བསྟུན་ནས་བྱིས་པར་རྒྱུས་ལོན་དང་རྒྱབ་སྐྱོར། བདེ་ཐང་། སྤྲོ་སྣང་བཅས་ཀྱི་འཇིག་རྟེན་ཞིག་ཏུ་འཚར་ལོངས་བྱུང་དུ་འཇུག་པར་གལ་འགངས་ཤིན་ཏུ་ཆེ།

   གློག་བརྙན་ནང་དགོད་བྲོའི་ཟློས་གར་གྱི་བྱ་ཐབས་བརྒྱུད་དེ་སློབ་གསོའི་བྱེད་སྟངས་འདི་རིགས་ལ་སྒྲོ་བཏགས་བྱས་ནས་ལྟད་མོ་བར་སྤྱི་ཚོགས་འཚོ་བའི་ཁྲོད་བྱུང་དང་འབྱུང་བཞིན་པའི་སློབ་གསོའི་གནད་དོན་ལ་དོ་སྣང་དང་བསམ་གཞིག་གཏོང་བར་སྐུལ་མ་བཏང་ཡོད་དེ། རྒྱ་ཆེའི་ཁྱིམ་བདག་རྣམས་ཀྱིས་བྱིས་པར་སློབ་གསོ་གཏོང་སྐབས་མི་སྒེར་གྱི་བར་ཁྱད་ལ་དོ་སྣང་དང་། དཀའ་སྡུག་གི་སློབ་གསོ་ལ་ཚད་ཐིག་ཟིན་དགོས་པ་ལས། རྨོངས་ཚོད་ཀྱིས་བྱིས་པར་གཅེས་ལོབས་སུ་གཏོང་མི་རུང་ལ་ཚད་བརྒལ་གྱི་རེ་བའང་འདོན་མི་རིགས། འོས་འཚམས་ཀྱིས་བྱིས་པར་ནོར་འཁྲུལ་ཚོད་ལྟ་དང་ནོར་འཁྲུལ་ཡོ་བསྲང་བྱེད་པའི་གོ་སྐབས་བྱིན་ཏེ། ཁོ་ཚོས་ཧུར་བརྩོན་དང་རང་ཚུགས་ལ་བསྟེན་ནས་དཀའ་ངལ་ལ་ཁ་གཏད་འཇལ་ཐུབ་པའི་གོམས་གཤིས་ཤིག་ཆགས་སུ་འཇུག་དགོས་སྙམ་མོ།།

ཟུར་མཆན།

《དཔེ་བཀླགས་བུ་རམ》([དབྱིན་]ཨའེ་ཏིན་·ཆན་པོ་སིས་བརྩམས་། རེན་ཡན་གྱིས་བསྒྱུར།)

《ཁྱིམ་བདག་དང་དགེ་རྒན་ལ་གདམས་པའི་དཔེ་ཀློག་ཕྱོགས་སྟོན།》([དབྱིན]ཕ་མེ་ལ·མའེ་ཅི་ཝུང་གིས་བརྩམས། ཀྲང་ཁྲེན་གྱིས་བསྒྱུར།)

《དགེ་རྒན་ལ་གདམས་པའི་བསླབ་བྱ》(སུའུ་ལེན་སྔོན་མའི་སློབ་གསོ་མཁས་ཅན་ཝ.ཨ.སུའུ་ཧོ་མུའུ་ལིན་སི་ཅིས་བརྩམས་པའི་སློབ་གསོ་རིག་པའི་གསུང་རྩོམ་ཞིག་སྟེ། 1977ལོར་ཐོག་མར་དཔེ་སྐྲུན་བྱས།)④《ཨ་ཀན་གྱི་གཏམ་རྒྱུད》(ཧོ་ལཱེ་ཝུའུ་ཡི་ཕུལ་ཏུ་བྱུང་བའི་གློག་བརྙན་བརྩམས་ཆོས་ཤིག་ཡིན་ཞིང་། 1995ལོར་ཨོ་སི་ཁཱའི་གློག་བརྙན་ཡག་ཤོས་དང་། འཁྲབ་ཁྲིད་པ་ཡག་ཤོས། འཁྲབ་སྟོན་པ་ཡག་ཤོས་སོགས་ཀྱི་མཚན་སྙན་མང་པོ་ཐོབ)

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/项吉当知

监制/杨本才让  总监制/刘增奎


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章