ཨུ་རུ་སུ་དང་ཡུག་རེན་གྱི་དམག་འཁྲུག་དང་འབྲེལ་བའི་གསར་འགྱུར།
ཉི་ཧོང་གི་ཕྱི་སྲིད་བློན་ཆེན་གསར་བ་ཏཱ་ཀ་ཤི•ཨི་ཝ་ཡ་དེ་རིང་ཚེས་16 ཉིན་ཡུག་རེན་གྱི་རྒྱལ་ས་ཁེ་ཝུར་འབྱོར། འདི་ནི་ཟླ་བ་1ཙམ་གྱི་སྔོན་ཉི་ཧོང་གི་སྲིད་བློན་གསར་བ་སྲིད་སྟེགས་སུ་སླེབས་རྗེས། ཆེས་མཐོའི་མི་སྣ་ཞིག་ཡུག་རེན་ལ་བཏང་བ་ཐོག་མ་དེ་གྱུར། ལྷག་པར་བྱང་ཁོ་རེ་ཡས་རཱ་ཤི་ཡར་དམག་རོགས་བཏང་བ་དེས། ཉི་ཧོང་དང་ལྷོ་ཁོ་རེ་ཡ་གཉིས་ཧ་ཅང་བློ་འཚབ་སྐྱེ་རུ་བཅུག་ཡོད་པ་དང་། ཐེངས་འདིར་ཁོ་ཡོང་དོན་གཙོ་བོ་དེར་རྣམ་འགྱུར་ཞིག་སྟོན་ཆེད་ཡིན་པ་ཚོད་དཔག་བྱེད།
ཡུག་རེན་གྱི་དཔལ་འབྱོར་བློན་ཆེན་གྱིས། དམག་འཁྲུག་འགོ་བཙུག་པ་ནས་ཡུག་རེན་གྱི་གཞུང་གི་འགྲོ་གྲོན་མ་དངུལ་ཆེད། ཡུ་རོབ་རྒྱལ་ཁབ་དག་ནས་ཨ་སྒོར་ཐེར་འབུམ་ $40.5 དང་། ཨ་རི་ནས་ཨ་སྒོར་ཐེར་འབུམ་ $28.2 རྒྱལ་སྤྱིའི་དངུལ་རྩ་ཚོགས་པ་ནས་ཨ་སྒོར་ཐེར་འབུམ་ $11.4 ། ཉི་ཧོང་ནས་ཨ་སྒོར་ཐེར་འབུམ་ $6.3 ། ཁེ་ན་ཀྲ་ནས་ཨ་སྒོར་ཐེར་འབུམ་ $5.4 འབྱོར་ཟིན་པ་སོགས། ཁྱོན་གཞུང་ལ་རོགས་སྐྱོར་རག་པ་ཨ་སྒོར་ཐེར་འབུམ་ $100 ལས་བརྒལ་ཟིན་པ་བཤད།
དམག་འཁྲུག་འགོ་བཙུག་རྗེས་ནུབ་ཕྱོགས་ཀྱིས། འཐབ་འཁོར་སོགས་བཟོ་རྒྱུར་སྤྱོད་རུང་བའི་ཡར་ཐོན་འཕྲུལ་ལག་གང་རུང་ཨུ་རུ་སུར་འཚོང་རྒྱུ་མིན་པའི་ཐག་བཅད། ཡིན་ན་ཡང་། ཨ་རི་དང་ཡུ་རོབ་ཀྱིས་བཟོས་པའི་འཕྲུལ་ལག་མང་པོ་ལྐོག་འཚོང་བརྒྱུད་ཨུ་རུ་སུར་སླེབ་བཞིན་ཡོད། ཁ་སང་ཨུ་རུ་སུའི་རང་དབང་གསར་ཁང་ཞིག་གིས་ཞིབ་འཇུག་གྲུབ་དོན་ཕྱིར་བཏོན་པ་ལྟར་ན། དཀྱིལ་ཤར་གྱི་ཁཱ་ཛ་ཀི་སི་ཐན་རྒྱལ་ཁབ་ཀྱི་ཁེ་གཉེར་འགའ་ནག་ཚོང་འདིའི་ཁྲོད་ཚུད་ཡོད་པ་བཤད།
ཡུག་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀེ་ཡིས། ལོ་རྗེས་མར་དམག་འཁྲུག་མཇུག་བསྡུ་ཐུབ་པའི་ཆེད། ང་ཚོའི་ངོས་ནས་འབད་པ་གང་ཐུབ་བྱ་རྒྱུ་དང་སྒྲོ་ནལ•ཁྲི་རམ་ཕུ་སྲིད་སྟེགས་སུ་བསླེབས་རྗེས། དམག་འཁྲུག་མཇུག་བསྡུ་ཐུབ་པ་གཏན་འཁེལ་ཡིན་ཞེས་བཤད། ད་དུང་ཁོས། ད་ལྟ་བར་སྒྲོ་ནལ•ཁྲི་རམ་ཕུ་དང་ལྷན་གླེང་མོལ་ཁྲོད། ཁྲི་རམ་ཕུས་ཡུ་ཁུ་རན་གྱི་འདོད་པ་དང་མི་མཐུན་པ་གང་ཡང་བཤད་མ་སོང་ཞེས་བཤད། ཁྲི་རམ་ཕུས། ཁོས་དམག་འཁྲུག་འདི་ཆུ་ཚོད་ 24 ནང་མཇུག་བསྡུ་ཐུབ་པ་ཤོད་ཀྱིན་ནའང་། དེའི་ཐབས་ལམ་ད་ལྟ་བར་གསལ་འདོན་བྱས་མེད།
ཨུ་རུ་སུའི་རྒྱལ་ནང་ལ་ཕར་རྒོལ།
འདས་པའི་ཉིན་འགའི་ནང་ཨུ་རུ་སུས། ཁར་སི་ཀི་ས་ཁུལ་གྱི་ཡུག་རེན་དམག་གི་སྟེང་ཚུར་རྒོལ་ཆེན་པོ་བྱས། ཡིན་ན་ཡང་། ཡུག་རེན་དམག་གིས་ས་འོག་འགད་རྫས་དང་སྒྲི་རོན་མང་པོ་བྱེད་སྤྱོད་ཀྱིས། ཨུ་རུ་སུའི་གོ་ལག་ཕོན་ཆེན་གཏོར་ཅིང་མདུན་བསྐྱོད་བཀག ཡུག་རེན་ལྟར་ན་ད་ལྟ་ཕུ་ཀྲན་གྱིས། ཁར་སི་ཀི་ས་ཁུལ་དུ་བྱང་ཁོ་རེ་ཡའི་དམག་མི་དང་ཨུ་རུ་སུའི་དམག་ཁྲི5སྤུངས་ཡོད་པ་བཤད།
ཡུག་རེན་གྱིས་ཁར་སི་ཀི་མངའ་སྡེ་ནས་ཡུག་རེན་དམག་ཕྱིར་འཐེན་རྒྱུའམ། ཡུག་རེན་དམག་གིས་འཕྲོག་ཟིན་པའི་ཁར་སི་ཀི་མངའ་སྡེའི་ས་ཁུལ་དག་ཕྱིར་མ་ཐོབ་བར། ཡུག་རེན་དང་ལྷན་ཞི་གྲོས་བྱ་རྒྱུ་མིན་ཞེས་ཨུ་རུ་སུས་ཤོད་ཀྱིན་པའི་གནས་ཚུལ་ཐོན།