གཞིས་རྩེའི་དིང་རིའི་ས་འགུལ་ལ་སེམས་གཞས་ཤིག་གི་ཚབ་ཏུ།
ས་ཆེན་ཡོམ་ཡོམ་གཡོ་བའི་སྐད་ཅིག་མ་ལ།།
ཨ་མ་ཟེར་དབང་རྩམ་པ་འགམ་དབང་མི་འདུག།
ཨ་ལན་ཟེར་དབང་ཡ་ལན་སྤྲོད་དབང་མི་འདུག།
དེ་ནི་ས་ཆེན་འདར་བའི་བྱས་ཉེས་ཡིན་ཡང་།།
ང་ཚོ་ཚང་མས་གདུང་སེམས་གཅིག་ཏུ་ཉར་ཏེ།།
ཕྱི་མར་བདེ་འགྲོ་འཐོབ་པར་སྨོན་ལམ་བཏབ་ནས།།
ཁྱེད་ལ་མི་རིང་མྱུར་ཏུ་ཐར་བ་བསྐྲུན་ཡོང་།།
ས་ཆེན་ཡོམ་ཡོམ་གཡོ་བའི་སྐད་ཅིག་མ་ལ།།
མིག་ཟུང་ནང་ལ་གཏད་པའི་ས་གཞི་མི་འདུག།
ལུས་པོ་ཕྱི་ལ་བགྲོད་པའི་རང་དབང་མི་འདུག།
དེ་ནི་ས་ཆེན་འདར་བའི་བྱས་ཉེས་ཡིན་ཡང་།།
ང་ཚོ་ཚང་མས་དམིགས་པ་གཅིག་ཏུ་བཟུང་སྟེ།།
ལུས་ཀྱི་ན་ཚ་སེམས་ཀྱི་སྡུག་བསྔལ་བསལ་ནས།།
ཁྱེད་ལ་མི་རིང་མྱུར་ཏུ་བདེ་བ་བསྐྲུན་ཡོང་།།
ས་ཆེན་ཡོམ་ཡོམ་གཡོ་བའི་སྐད་ཅིག་མ་ལ།།
མགོ་བོ་ཡར་ལ་འགྱོག་པའི་བར་སྣང་མི་འདུག།
རྐང་བ་ས་ལ་བརྟེན་པའི་དཀྱེལ་ཡངས་མི་འདུག།
དེ་ནི་ས་ཆེན་འདར་བའི་བྱས་ཉེས་ཡིན་ཡང་།།
ང་ཚོ་ཚང་མས་གཅིག་སེམས་གཅིག་ལ་གཏད་དེ།།
ཚེ་སྲོག་རིང་དུ་བསྲིང་བར་ཐབས་ཤེས་བཙལ་ནས།
ས་ཆེན་པོ་འགུལ་སྟངས་ཤིག་གིས ནང་ཕུ་ནུའི་གཅེས་སྲོག་ཤོར་ཐ།
ཚེ་སྔོན་མའི་ལས་དབང་ཤིག་གིས ངའི་སྤུན་ཟླའི་ཁྱིམ་གཞིས་སྟོང་སོང་།
ནངས་སྔ་མོའི་ཉི་ཟེར་འཇམ་ཡང་། ས་ཆེན་པོའི་གདུག་རྩུབ་མ་ཐེག
ཁྱིམ་དྲོན་མོར་བདེ་སྐྱིད་འཛོམས་ཀྱང་། ཁ་བགད་ནས་རྩེད་ཁོམ་མ་བྱུང་།
ལོ་ལོན་ཚོའི་ནངས་ཇ་འཁྱགས་སོང་། བྱིས་པ་ཚོའི་རྨི་ལམ་ཡལ་སོང་།
ནང་སྤུན་ཟླའི་རྩེད་དགོད་འཇགས་སོང་། བོད་ཁ་བའི་སེམས་པ་སྐྱོ་སོང་།
དིང་རི་བ་་་་ང་ཡི་སྤུན་ཟླ། དིང་རི་བ་་་་ང་ཡི་ནང་མི།
སྡུག་ལན་ཆགས་ལས་ཀྱིས་ཐོན་ན། སེམས་སྐྱ་མོ་ཨ་ཐང་མ་ཆད།
ས་ཆེན་པོ་སྙིང་རྗེ་མེད་ཀྱང་། ནང་སྤུན་ཟླའི་བརྩེ་བ་འགག་མེད།
ཁ་མ་ཎི་ངག་ལ་དྲོངས་དང་། ཚེ་འདི་ཕྱིའི་དགེ་རྩ་དེ་ཡིན།
དིང་རི་བ་་་་ང་ཡི་སྤུན་ཟླ། དིང་རི་བ་་་་ང་ཡི་ནང་མི།
བོད་ཆོལ་གསུམ་ཁ་བ་ཅན་འདི། ཆོས་དཀར་པོ་དད་པའི་ཞིང་ཡིན།
ནང་ཕུ་ནུའི་བརྩེ་བ་དྲོན་མོ། སྡུག་ཁུར་བོ་ཁེན་སའི་གཞི་ཡིན།
བོད་གངས་ཅན་ཕུ་ནུ་སྤུན་ཟླས། ཁྱོད་གཅིག་པུ་ཤུལ་ན་བསྐྱུར་མེད།
ཨ་ཏའི་བུ་རྒྱུད།
གངས་ཞོལ་ས་ཆེན་འདར་བའི་སྐད་ཅིག་ཏུ། །
ཉམ་ཆུང་བོད་མིར་མནར་གཅོད་ཆེན་པོ་ཕོག །
ཤི་རྨས་གྲངས་ཀྱིས་སྙིང་རྩ་ཡར་ཡར་འཕར། །
སྨྲེང་བའི་རླུང་ཆེན་བཙན་འདུག་དིང་རི་བ། །
གྲང་ངར་རྐང་ལ་ཟུག་པའི་ནམ་ཟླའི་སྟེང་། །
ན་ཟུག་སྙིང་ལ་རྒྱག་པའི་ས་འགུལ་བྱུང་། །
གནས་མེད་ཐང་ལ་ཕུད་པའི་སྡུག་ལྕི་བས། །
འབྱུང་བཞིར་རྣམ་རྟོག་ཟའོ་དིང་རི་བ། །
ཇོ་མོ་གླང་མ་འཛམ་གླིང་གཙུག་གི་རྒྱན། །
ཏོག་སྲུང་རྣ་གཡུ་ཅན་ཚོ་བཙན་པོའི་རྒྱུད། །
སྨྲ་འདོད་གྲེ་བ་འགགས་ཏེ་ནམ་སྟོད་ཡལ། །
ཁོག་ཏུ་ཚྭ་ཆུ་བཞུར་ཡོང་དིང་རི་བ། །
འུ་ཚོའི་རྣམ་ཤེས་གངས་ལ་སྦས་ཡོད་དམ། །
འུ་ཚོའི་རུས་མཛོད་ཉི་ཟླས་བརྗོད་སྲིད་དམ། །
གནའ་བོའི་དྲན་པ་གསོ་ནུས་ཁྱེད་ཅག་གིས། །
སེམས་པ་རྨང་ནས་སྒུལ་སོང་དིང་རི་བ། །
བསྐྱངས་པའི་ཕ་གཞིས་དྲོན་མོ་ས་རུ་བསྲེས། །
གཅེས་པའི་ནང་མི་སྤུན་ཟླ་ཁ་ཕྲལ་བཏང་། །
སྡུག་འདིའི་རྗེས་ལ་སྐྱིད་ཀྱི་ཉི་གཞོན་བསྙེག །
འཁོར་བའི་ཆོས་ཉིད་སོམས་དང་དིང་རི་བ། །
བརྙན་རིས་ཀུན་ལས་ཞེ་རྩ་གཡོ་སླ་བའི། །
ཁྱེད་ཚོའི་གདོང་གི་མིག་ཆུ་མཐོང་མ་ཐག །
དྲིན་ཅན་གང་ཞིག་སླར་ཡང་རྙེད་པ་བཞིན། །
ཚོར་སྣང་སྐྱེན་པོ་འབྱུང་གི་དིང་རི་བ། །
ལན་གཅིག་འཕྲད་མྱོང་མེད་པ་ཁྱེད་ཚོ་ལ། །
ཉེས་མེད་གནོད་སྐྱོན་དྲགས་པ་མཐོང་བའི་ཚེ། །
རང་གི་གཉེན་གྲོགས་ཤོར་འདྲའི་སེར་སྣ་ཞིག །
དབང་མེད་ཁོ་བོར་སྐྱེས་སོང་དིང་རི་བ། །
ས་རྡོའི་གསེང་གི་ཡིད་འགུལ་གཏམ་རྒྱུད་དེ། །
ཇི་བཞིན་ལོན་པའི་བརྙན་པར་དཀོན་ན་ཡང་། །
ཞིབ་ཀྱི་མྱོང་བས་དཔྱད་ན་རྒྱབ་ལོགས་ཀྱི། །
གནས་ཚུལ་གཏིང་ནས་ཚོར་ཡོང་དིང་རི་བ། །
འུ་ཅག་གདོད་ནས་ཉེ་འདུག་མ་ལབ་ཀྱང་། །
ཁྱེད་ཅག་མཐོང་ན་ཚེ་འདས་མེས་པོ་དྲན། །
མ་ཎི་ལག་འཁོར་གཅིག་གིས་སྦྲེལ་བ་ཡི། །
ལམ་སྣེ་གཅིག་ཏུ་ཆས་རོགས་དིང་རི་བ། །
གཞུང་སྒེར་འདྲེས་པའི་དྲ་ལམ་སྟེགས་བུ་རུ། །
མིག་འཕྲུལ་ལྟད་མོ་ཇི་ལྟར་དར་ན་ཡང་། །
བཅོས་སླད་མེད་པའི་རྣམ་འགྱུར་རེ་རེ་ཡིས། །
སྐད་ཆ་ཉེ་མོ་བཤད་སོང་དིང་རི་བ། །
གདོང་ལ་ཉི་དྲེག་ཆགས་པའི་རྒན་པོ་ཚོས། །
གངས་ལ་སོ་པ་མཛད་པས་སྐུ་དྲིན་མཐོ། །
ཆོས་ལ་གློ་སྙིང་གཏད་པའི་ཚུལ་ཡང་གསལ། །
ཁྱེད་ཚོར་དམ་དུ་འཁྱུད་འདོད་དིང་རི་བ། །
སྒོར་མོ་མཁོ་སྟེ་རོགས་རམ་མཚོན་བྱེད་ཡིན། །
སེམས་གསོ་གཙོ་སྟེ་གསོན་པོའི་ཞེ་རུས་ཡིན། །
ཆོས་ཀྱང་དགོས་ཏེ་ཤི་བོའི་ར་མདའ་ཡིན། །
གདུང་སེམས་མཉམ་སྐྱེད་བྱེད་དོ་དིང་རི་བ། །
དགེ་ལས་བྱེད་པོ་ཕལ་ཆེར་འུར་ལ་དགའ། །
སྙིང་རྗེ་བེད་སྤྱོད་དམིགས་པ་ཧ་གོ་དཀའ། །
དགོས་མེད་འུད་ལ་མ་གཡེང་ཨ་མའི་བུ། །
ངེས་འབྱུང་སྤུ་སུད་མིན་ཤོག་དིང་རི་བ། །
དེང་འདིར་བདེན་པའི་ལམ་བུ་དོག་ཅིང་ཕྲ། །
ནོར་གྱིས་རྒྱུ་འབྲས་ཁྱད་གསོད་སྐྱེ་བོ་མང་། །
གོད་ཆག་གནམ་ལྷུང་འདི་ལས་ང་དང་ཁྱེད། །
ངོ་སྤྲོད་གསལ་བོར་བྱས་སོང་དིང་རི་བ། །
དབྱངས་གསལ་སྲོག་ལས་རྒྱུ་བའི་དིང་རི་བ། །
དད་པ་གཤིས་ལ་གཤགས་པའི་དིང་རི་བ། །
ཁ་བའི་ལས་དབང་མཐུན་པའི་དིང་རི་བ། །
སེམས་ཐག་ཀླད་གོར་ཡིན་པའི་དིང་རི་བ། །
༢༠༢༥ལོའི་སྤྱི་ཟླ༡པོའི་ཚེས༩ཉིན་མཚོ་སྔོན་པོ་རྐང་ཚ་རུ།
མི་ཡུལ་གྱི་ནམ་མཁའ་དྭངས་མོ་དེ།
རྡུལ་འཚུབ་སྐྱ་ལམ་ལམ།
སྟོང་ཞིང་འཇགས་པའི་རི་གྲོང་འདི་ནས།
སྐྱོ་གདུང་གི་མིག་ཆུ་རེ་རེའང་།
ས་གཞི་འདིའི་པང་དུ་འཐོར་དགོས་བྱུང་།
གདུང་སེམས་ཀྱི་འཁྲི་བ་འདི།
ཁྱོད་དང་ང་ཡི་སེམས་ལ་ལྷུང་དུས།
ཧི་མ་ལའི་རི་རྒྱུད་དུ་བབས་སོང་།
ཡར་འབྲོག་གཡུ་མཚོའི་རླབས་སྒྲ་ལ་འཕྱོ་སོང་།
དིང་རི། ལ་སྟོད་ཉི་མའི་བྱང་ཕྱོགས་སུ།
རིགས་ཀྱི་འཕར་རྩ་གཅིག་ཏུ་སྦྲེལ་བའི་དིང་རི།
སྐྱེ་འཆི་ཟློས་གར་གྱི་རླུང་འཚུབ་འདི།
ཁྱེད་ཀྱི་མགོ་ཐོག་ཏུ་ལྷུང་དགོས་དོན་གང་ཡིན་ནམ།
སྐྱོ་གདུང་གི་ན་བུན་དེ་དག
རི་རབ་ལས་ཀྱང་ལྕི་སོང་།
གངས་རིའི་ཉེ་འདབས་ཀྱི་ཁྱོད་དང་ང་ཡི་གཞིས་ཀ
ལྷིང་འཇགས་ཀྱི་གནས་ལམ་དྲོད་མོ་དེ།
དོ་ནུབ་ས་རྡུལ་གྱི་མུན་པ་འཐིབས་སོང་།
ང་ཡི་ཤ་ཁྲག་ཁྱོད་དང་འབྲེལ་ཡོད།
ང་ཡི་སེམས་པ་ཁྱོད་དང་འབྲེལ་ཡོད།
མི་ཡུལ་འདི་ནས་བྲལ་ཟིན་པའི་ཁྱོད་ཚོ།
གཏན་དུ་གནས་མལ་འདི་ནས་བྲལ་བ་ཡིན་ནམ།
ང་ཡི་དིང་རི་བའི་སྤུན་ཟླ་དག
2025.1.7ཉིན།
ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།
责编/冷公加
监制/杨本才让
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原者所有,如有侵权请立即与我们联系