ཨ་སྐྱོང་ཁག་གསུམ།
ཚིག གཙང་རིགས་སྐལ་བཟང་རྣམ་འདྲེན།
དབྱངས། རྨ་ཆུའི་མགོན་པོ་བཀྲ་ཤིས།
རྡུང་ལེན་པ། ཤེར་བསྟན།
སྟོད་གཉན་པོ་གཡུ་རྩེའི་རྫ་ལུང་ན། །
འབྲོང་བྲེ་ལོ་གསུམ་གྱི་སྐྱིད་ལ་ལྟོས། །
ཁ་རྩྭ་ཆུ་མཉམ་ཟ་མཉམ་འཐུང་རེད། །
སྡེ་གསུམ་གྱི་སྐྱིད་སྡུག་གན་འདྲ་རེད། །
བར་གཉན་པོ་གཡུ་རྩེའི་སྤང་ཐང་ན། །
ཤྭ་མ་བུ་གསུམ་གྱི་སྐྱིད་ལ་ལྟོས། །
ལས་ཅི་བྱེད་མཉམ་འགྲོ་མཉམ་འདུག་རེད། །
ནང་ཕུ་ནུའི་མཐུན་ལུགས་གན་འདྲ་རེད། །
སྨད་གཉན་པོ་གཡུ་རྩེའི་མཚོ་ཁ་ན། །
བྱ་ངང་བ་གསུམ་གྱི་སྐྱིད་ལ་ལྟོས། །
གསུང་སྙན་མོའི་མགྲིན་གླུ་མཉམ་ལེན་རེད། །
བན་སེར་མོའི་མཐུན་ལུགས་གན་འདྲ་རེད། །
སྐྱིད་མཉམ་དུ་རོལ་ན་འཇིག་རྟེན་རེད། །
སྐྱིད་འཇིག་རྟེན་དག་པའི་ཞིང་ཁམས་རེད། །
སྡུག་འཁོན་འཛིང་མེད་ན་མཐུན་པ་རེད། །
འཁོར་མཐུན་པ་བྱུང་ན་བདེ་སྐྱིད་རེད། །