འགྲོ་རོགས་ལམ་བུའི་སྙིང་སྡུག
ཚིག འབྲོག་བུ་དཀོན་བཀྲ།
词:卓布贡扎
དབྱངས། འབེ་མཆོག་སྐྱབས།
曲:百去杰
ལེན་མཁན། གླུ་རྒྱལ་ཤེར་བསྟན། འབེ་མཆོག་སྐྱབས།
演唱:歌王谢旦&百去杰
མི་ཚོགས་རི་མོའི་ནང་གི །
ཆུང་འདྲིས་གཡེར་བག་ཅན་པོ། །
འགྲོ་རོགས་ལམ་བུའི་སྙིང་སྡུག །
སྤང་གི་མེ་ཏོག་སེར་ཆེན་རྐང་གཅིག་འདྲ། །
སྤང་གི་མེ་ཏོག་སེར་ཆེན་རྐང་གཅིག་འདྲ། །
ཞལ་རས་པདྨའི་དཔལ་ལ། །
འཛུམ་ཆུང་ཟིལ་བ་ཁྲོམ་ཁྲོམ། །
ཁྲ་ཆུང་མིག་གི་ལམ་ལ་ཡང་ཡང་འཁོར། །
ཁྲ་ཆུང་མིག་གི་ལམ་ལ་ཡང་ཡང་འཁོར། །
སྤྲིན་པ་གཤོང་ལ་བབས་ནས། །
ལུག་ཁྱུ་སྤྲིན་ལ་འདྲེས་དུས། །
སྤྲིན་དང་ལུག་ཁྱུའི་རྫི་མོ། །
འབྲོག་གི་བུ་མོ་གཡུ་ཆུང་དྲུག་དཀར་འདྲ། །
འབྲོག་གི་བུ་མོ་གཡུ་ཆུང་དྲུག་དཀར་འདྲ། །
རྫ་ཆུ་བསིལ་མའི་ནང་ལ། །
བརྩེ་བའི་བདུད་ཚོན་བཏབ་སྟེ། །
སྒྲུང་གླུ་ངག་ལ་དྲངས་ཚེ་ང་རང་བཟི། །
སྒྲུང་གླུ་ངག་ལ་དྲངས་ཚེ་ང་རང་བཟི། །
ནག་པོ་ས་ལ་ཟུག་པའི། །
དཀར་པོ་གངས་ཀྱི་ར་བ། །
འུ་གཉིས་དགའ་བའི་གཞིས་ཀ། །
གངས་ཀྱི་ཡུལ་གྲུ་འོད་གསལ་ལྷ་ཡི་ཞིང་། །
གངས་ཀྱི་ཡུལ་གྲུ་འོད་གསལ་ལྷ་ཡི་ཞིང་། །
མགོ་སྦྲ་མཐིང་སྨུག་ནང་གི །
སྐྱིད་ཀྱི་མེ་ཁ་གསོ་རོགས། །
ལན་གཅིག་འཕྲད་པ་ཚེ་གང་བརྗེད་ཐབས་མེད། །
ལན་གཅིག་འཕྲད་པ་ཚེ་གང་བརྗེད་ཐབས་མེད། །