ཕ་ཡུལ་དབའ་ལ།
ཚིག་ གཡོར་པོ་གསེར་འོད།
དབྱངས་ འབྲོང་པ་ནོར་བུ།
གཞས་པ་ བཀྲ་ཤིས་རྒྱལ།
གངས་ཅན་ལྕགས་རིའི་སྙིང་ན། །
སྟོད་ན་གཡང་ནོར་འཕེལ་ཞིང་། །
འདབས་ན་འབྲུ་དྲུག་སྨིན་པའི། །
སྦས་ཡུལ་དབའ་ལ་ཡིན་སོང་། །
གདོད་མའི་ནགས་ཀླུང་སྒེག་མོའི། །
འཕྱང་འཕྲུལ་རྒྱལ་མོ་རྔུལ་ཆུས། །
ལྷུང་ལྷུང་གླུ་དབྱངས་ལེན་བཞིན། །
འཛམ་གླིང་གཡས་བསྐོར་རྒྱག་ཡོང་། །
རྣམ་དཔྱོད་འགྲན་པའི་ཟླ་བྲལ། །
རྒྱལ་མཆོག་བློ་བཟང་གྲགས་པའི། །
དངོས་སློབ་ཆོས་དབང་གྲགས་པས། །
ལྟ་མགུར་སེངས་སེངས་ལེན་ས། །
གླིང་རྗེ་གེ་སར་རྒྱལ་པོའི། །
གཙུག་ནོར་བྱང་ཆུབ་འདྲེ་བཀོལ། །
མཛད་པའི་ཕྱག་རྗེས་རིང་མོ། །
རྔོག་རྩེ་རི་ལ་གསལ་ཡོད། །
དབུ་དཀར་ཡུལ་སྡེའི་སྤྱི་ནོར། །
བསམ་དོན་ཡིད་བཞིན་ནོར་བུ། །
བསོད་ནམས་ཆོས་ཀྱིས་འཚོ་བའི། །
བགྲེས་སོང་སྐུ་ཐུགས་བདེ་ས། །
སྟག་ཤར་དཔུང་གདང་འགྲིག་ལེ།
ཡུལ་སྡེའི་སྐྱིད་སྡུག་ཐེག་ཡོད། །
སྨན་ཤར་འཛུམ་མདངས་ལྷུགས་སེ།
སྡེ་བའི་དཀྱིལ་ལ་མཛེས་སོང་། །