མཁན་ཆེན་བསོད་དར་རྒྱས་མཆོག་གི་ལེགས་བཤད་ཚན་པ་སུམ་ཅུ།

文化   2024-10-31 17:17   西藏  

ལེགས་བཤད་ཚན་པ་སུམ་ཅུ།
མཁན་ཆེན་བསོད་དར་རྒྱས།

ཤིང་སྡོང་ཆེན་པོ་ཞིག་གིས་རྒྱུན་ཆད་མེད་པར་རླན་གཤེར་དང་བཅུད་རྫས་བསྡུ་ལེན་བྱས་ན། ད་གཟོད་ཡལ་འདབ་རྒྱས་ཐུབ་པ་བཞིན། ང་ཚོའི་མི་ཚེའི་ཁྲོད་ནས་ཀྱང་རྒྱུན་པར་བྱམས་བརྩེ་དང་ཤེས་རབ་ཀྱི་བཅུད་རླན་བསྡུ་ལེན་བྱེད་དགོས་པ་རེད།
འདས་ཟིན་པའི་དོན་དག་ནི། ཁ་སང་གི་རྨི་ལམ་ཡིན། མ་འོངས་པའི་དོན་དག་ནི། སང་ཉིན་གྱི་རྨི་ལམ་ཡིན། མིག་སྔར་གྱི་ཡོད་ཚད་ད་ལྟ་རྨི་བཞིན་ཡོད་པ་རེད། 
དཔལ་འབྱོར་གྱི་ཆ་རྐྱེན་ཇེ་བཟང་དང་། འཚོ་བ་ཡི་རིམ་པ་ཇེ་མཐོ་ཡིན་ན། དེའི་ཁྲོད་ནས་རྙེད་པའི་དགའ་བདེ་ཇེ་ཆེ་ཡིན་ཐག་ཆོད་ཡིན་ནམ། དོན་དུ་དེ་ནི་འཁྲུལ་སྣང་ཞིག་གོ། 
སྤྲོ་བ་ནི་ལས་ཀ་ཡི་སྒུལ་ཤུགས་དང་། གཞན་ཕན་ནི་མི་ཚེ་ཡི་དམིགས་བྱ་ཡིན། ཆོག་ཤེས་ནི་བག་ཕེབས་ཀྱི་ལོངས་སྤྱོད་དང་། འཆམ་མཐུན་ནི་མཉམ་གནས་ཀྱི་རྩ་བ་ཡིན། 
ཁྱོད་ཀྱི་མཐོང་ཆུང་ནི་ང་ཡི་ཉི་འོད་དང་། ཁྱོད་ཀྱི་འཕྱ་སྨོད་ནི་ང་ཡི་རོལ་དབྱངས་ཡིན། ཁྱོད་ཀྱི་བརྙས་བཅོས་ནི་ང་ཡི་བསོད་ནམས་དང་། ཁྱོད་ཀྱི་གནོད་འཚེ་ནི་ང་ཡི་མཐུན་རྐྱེན་ཡིན། ངན་སེམས་ཁོག་ལ་བཅུག་པའི་མི་དང་མི་མ་ཡིན་པ་དག་ལ་བཀའ་དྲིན་ཞུ། 
འདོད་ཆགས་དང་ཞེ་སྡང་སོགས་ཉོན་མོངས་པའི་ངོ་བོ་འཁྲུལ་མེད་དུ་རྟོགས་ཚེ། ཉོན་མོངས་པ་ནི་བྱང་ཆུབ་ཡིན་ལ། གལ་སྲིད་དེ་ཉིད་ངོས་མ་ཟིན་ན། ཉོན་མོངས་པ་ནི་ཉོན་མོངས་པ་རང་སྟེ། བྱང་ཆུབ་དང་བར་ཐག་ཤིན་ཏུ་རིང་བ་རེད། 
མིག་སྔར་ཤེས་ཡོན་པ་མང་པོ་ཞིག་ལ་ཆེས་མཁོ་བ་ནི། ཆོས་ལུགས་དད་མོས་ཀྱི་སློབ་གསོ་དང་། མི་ཆོས་ཀུན་སྤྱོད་ཀྱི་སློབ་གསོ་རེད། གལ་སྲིད་དེ་དག་མེད་སོང་ན། ཕྱི་རོལ་ཀྱི་དངོས་པོ་ཇི་ལྟར་འཛོམས་ཀྱང་། འཇིག་རྟེན་པའི་མཁྱེན་ནུས་ཇི་ལྟར་རྣོ་ཡང་། བདེ་སྐྱིད་ངོ་མ་དེ་རྙེད་ཐབས་བྲལ། 
རང་ལ་གནོད་པ་སྐྱེལ་མཁན་ལ་བྱམས་སྙིང་རྗེ་བསྐྱེད་མ་ནུས་རུང་། ཞེ་སྡང་སྐྱེ་མི་རིགས་ཏེ། ཕ་རོལ་པོ་མ་རིག་པ་ཉོན་མོངས་པས་བསྒྲིབས་ནས་རང་དབང་མེད་པས་སོ།། 
གཤིས་རྒྱུད་ངན་པའི་མི་ལ་ནུས་པ་ཇི་ལྟར་ཆེ་རུང་མི་རྣམས་གཡོལ་ཐབས་བྱེད་དེ། དུག་གནས་པའི་རྒྱ་མེན་གྱི་མེ་ཏོག་བཞིན་ཅི་འདྲའི་མཛེས་ཀྱང་མི་རྣམས་གམ་དུ་གཅར་མི་ཕོད།
མགོ་རྩོམ་ས་འདྲ་ན་ཡང་། ཐབས་ཤེས་མ་འདྲ་ན་མཇུག་འབྲས་ཀྱང་སོ་སོ་ཡིན།
ཁྱོད་ཀྱིས་མི་སུ་ཞིག་ལ་གནོད་པ་ཅི་བྱས་ན་ཡང་། ཕུགས་ལ་གཞིགས་ནས་བཤད་ན། གནོད་པ་དེ་རང་ཉིད་ལ་ཐེབས་ངེས། གཅིག་བྱས་ན། ད་སྐབས་ཁྱོད་ལ་ཚོར་སྣང་མེད་ན་ཐང་མོད། འོན་ཀྱང་། དེ་ངེས་པར་དུ་རང་ཐོག་ལ་འཁོར་ཡོང་། ཁྱོད་ཀྱིས་གཞན་ལ་ཅི་ཞིག་བསྒྲུབས་ན་ཡང་རང་ཉིད་ལ་བྱས་པ་ཡིན་ལ། གཞན་ལ་ཅི་ཞིག་མྱོང་དུ་བཅུག་ན་ཡང་ནམ་ཞིག་ན་རང་ཉིད་ཀྱིས་མྱོང་དགོས། འདི་ནི་མཁས་པ་རིམ་བྱོན་གྱི་ཞལ་གདམ་ཡིན།

ནང་ཆོས་སྦྱངས་ན། རྒ་འཆིར་གདོང་ལེན་བྱེད་མི་དགོས་པ་མིན་ལ། དེ་ལས་ལྡོག་སྟེ། ནང་ཆོས་སུ་སྐྱེ་རྒ་ན་འཆི་ཧ་ཅང་གསལ་བོར་གསུངས་ཡོད། འོན་ཏེ།  དེས་ཁྱོད་ལ་སྐྲག་སློང་བ་མ་ཡིན་པར། སེམས་དགེ་བས་ཚེ་སྲོག་མ་གཞི་ནས་མི་རྟག་ཅེས་གསལ་འདེབས་བྱེད་ཀྱིན་ཡོད་པ་རེད། གནད་དོན་འདི་ངེས་ན་མི་རྟག་པར་གདོང་གཏུག་པ་དང་བློ་ཡུལ་ལས་འདས་པའི་གནོད་འཚེ་ཅི་འདྲ་ཐེབས་ཀྱང་། སེམས་ཁམས་རྩ་བ་ནས་མི་འདྲ་བ་རེད།

ཆུ་རྐྱལ་མ་ཤེས་ན་རྫིང་བུ་ག་ཚོད་བརྗེས་ཀྱང་མི་ཕན་པ་བཞིན། བྱ་བར་རྨོངས་པ་དག་ལ་ལས་དོན་ག་ཚོད་བརྗེས་ཀྱང་མི་ཕན་ལ། སྒོམ་སྒྲུབ་མི་ཤེས་པ་དག་ལ་སྒོམ་གནས་ག་ཚོད་བརྗེས་ཀྱང་ཕན་མི་ཐོགས། 

སངས་རྒྱས་ཀྱིས་གསེད་འགྲོལ་བྱས་པའི་རྒྱུ་འབྲས་དག་ནི། མི་རྣམས་ལ་སྐྲག་སློང་བྱེད་མ་ཡིན་པར་དྲན་པ་གསོ་བྱེད་ཡིན། ཁྱོད་རང་བདེན་དོན་འདིར་ཡིད་ཆེས་ཡོད་མེད་ཅི་རིགས་ཀྱང་། དེ་ནམ་ཡང་བདེན་དོན་རང་ཡིན་པས་འགྱུར་བ་གང་ཡང་མེད།

གལ་ཏེ་ཁྱོད་རང་འཆི་བ་ལ་སྐྲག་ཅིང་མི་ཚེའི་ཁྲོད་ཀྱི་ཕྱི་ནང་གསང་གསུམ་མི་རྟག་པར་ངེས་ན། མི་རྟག་པ་སྒུལ་ཤུགས་སུ་འགྱུར་སྲིད་ལ། ཁྱོད་ཀྱིས་ཀྱང་མི་ཚེ་ལྷག་མ་སྟོང་ཟད་དུ་མི་གཏོང་བར་ངེས་པར་སྒོམ་སྒྲུབ་ལ་གཟད་དགོས་པ་ཤེས་ཐུབ།

སེམས་དགེ་ན་བྱས་ཚད་ཚང་མར་ཕན་ཡོན་ལྡན་ལ། སེམས་སྡིག་ན་བྱས་པ་ཐམས་ཅད་མི་དགེ་བར་འགྱུར་ཏེ། དཔེར་ན། ཤིང་སྡོང་ཞིག་གི་རྩ་བ་དུག་ཡིན་ན་དེའི་ལོ་མ་དང་མེ་ཏོག་ཚང་མ་དུག་ཏུ་འགྱུར་བ་དང་། གལ་ཏེ་རྩ་བ་སྨན་ཡིན་ན། དེའི་ལོ་མ་དང་མེ་ཏོག་ཚང་མ་སྨན་དུ་འགྱུར་བ་ལྟར་རོ།།

མི་མང་པོ་ཞིག་གིས་ཕ་མའི་དྲིན་ལན་འཇལ་བའི་ཆེད་དུ། རང་སྲོག་ལ་མི་འཛེམ་པར་སྒོར་མོ་རྙེད་ཐབས་བྱེད་ཅིང་། ཕ་མ་རྣམས་ཀྱིས་ཚེ་མཇུག་ཏུ་འཚོ་བ་སྐྱིད་པོ་ཞིག་རོལ་ཐུབ་པར་སྨོན་པ་རེད། དོན་དམ་པར། སྲི་ཞུ་སྒྲུབ་པ་ནི། ཕ་མ་རྣམས་ཟས་གོས་ལ་སེམས་ཁྲལ་མི་དགོས་ཤིང་བདེ་སྐྱིད་ཚད་མེད་རོལ་དུ་འཇུག་པ་ཁོ་ན་མ་ཡིན་པར། དེ་ལས་ཀྱང་གལ་ཆེ་བ་ནི་ཁོང་ཚོའི་འཆི་བའི་འཇིགས་སྣང་སེལ་ཐབས་བྱེད་པ་དེ་ཡིན།

དད་པ་ཅན་ལ་ཕྱི་རོལ་གྱི་བཅའ་ཁྲིམས་ལས་ནང་སེམས་ཀྱི་འདུལ་བ་ཡིས་གོ་ཆོད་ཅིང་། དད་པ་མེད་མཁན་དག་ལ་ནམ་རྒྱུན་བྱ་བའི་ཚད་ཐིག་བྲལ་བས། ཁེ་ཕན་ཤིན་ཏུ་ཕྲ་མོའི་ཆེད་དུ་ཡང་སྡིག་ལས་སྣ་ཚོགས་བྱེད་པ་རེད།

མ་གཞི་མི་ཚེ་ནི་སྡུག་བསྔལ་གྱིས་གྲུབ་མོད། འོན་ཀྱང་། སངས་རྒྱས་ཀྱིས་གསུངས་པའི་བཀའ་ལ་བསྟེན་ན་སྡུག་བསྔལ་དེ་དག་སེལ་ཐུབ་པ་རེད། དེ་ལྟར་ན། ཁྱོད་ཀྱི་མི་ཚེ་ལ་སྡུག་བསྔལ་མེད་ཅིང་བདེ་སྐྱིད་ལྡན་པའི་རེ་བ་ཡོད་ལ། གནས་བབ་ངན་པ་དང་འཕྲད་ཚེ་དོན་མེད་དུ་འབད་འཐབ་ཀྱང་མི་བྱེད།

བདེ་སྡུག་སོགས་འདས་ཟིན་པའི་ཚོར་སྣང་ཡོད་ཚད་ཆུ་ནང་གི་རླབས་རིས་བཞིན་ཡལ་བར་གྱུར་ཟིན་པས། ཕྱིར་དྲན་བྱེད་པར་དགོས་པ་གང་ཡང་མེད། མྱོང་ཟིན་པའི་དཀའ་སྡུག་གམ་ཡང་ན་བརྗིད་ཆགས་ཀྱི་ཁྲོད་དུ་ལུས་པ་ནི་ཏན་ཏན་དུས་ཚོད་ཆུད་ཟོས་སུ་གཏོང་བའོ།།

བདག་ལ་མཚོན་ན་འཇིག་རྟེན་སྟེང་ཆེས་རིན་ཐང་ཆེ་བ་ནི་ཚེ་སྲོག་ཡིན། ང་ཙམ་མ་ཡིན་པར་ཁྱོད་སོགས་སེམས་ཅན་ཚང་མ་འདྲ་བ་རེད། དེས་ན་ང་ཚོས་གང་འདོད་དུ་སེམས་ཅན་གཞན་པའི་སྲོག་གཏན་ནས་འཕྲོག་མི་རུང་།
ཐེག་ཆེན་ནང་བསྟན་གྱི་མི་ཚེའི་ལྟ་བ་དང་རིན་ཐང་ལྟ་བ་ཅི་ཡིན་ནམ། སྐྱེ་བ་སྔ་ཕྱི་ཡོད་པར་ཁས་ལེན་པ་ནི་མི་ཚེའི་ལྟ་བ་དང་། བློ་སེམས་གཅིག་གིས་གཞན་ཕན་ཁོ་ནར་བརྩོན་པ་ནི་རིན་ཐང་ལྟ་བ་ཡིན།
གལ་ཏེ་ཁྱོད་ཀྱིས་ཉི་མ་རེ་རེ་དེ་ཚེ་སྲོག་གི་ཆེས་མཐའ་མཇུག་གི་ཉིན་མོ་ཡིན་པ་ལྟར་འཚོ་བ་རོལ་ན། ནོར་འཁྲུལ་ཅན་གྱི་བརྩོན་ལེན་དག་རང་ཤུགས་ཀྱིས་མེད་པར་གྱུར་འགྲོ་ལ། རང་ཉིད་ལ་ཆེས་དོན་སྙིང་ལྡན་པ་དེ་ཅི་ཞིག་ཡིན་པ་ཤེས་སྲིད། 
སངས་རྒྱས་ཀྱིས་གསེད་འགྲོལ་བྱས་པའི་ལས་རྒྱུ་འབྲས་ནི། མི་ལ་འཇིགས་སྣང་སྟེར་བྱེད་མ་ཡིན་པར་དྲན་པ་གསོ་བྱེད་ཡིན། བདེན་དོན་འདིར་ཁྱེད་རང་ཡིད་ཆེས་ཡོད་མེད་ཇི་ལྟར་ཡང་། བདེན་དོན་ནི་བདེན་དོན་རང་ཡིན་པས་ནམ་ཡང་འགྱུར་མི་སྲིད། 
སྨན་པས་ཁྱོད་ཀྱི་ནད་བཅོས་ཚེ། ཁྱོད་ཀྱིས་སྨན་ཐོ་ཁེར་མ་བཟུང་ནས་སྨན་མ་འཐུང་ན། རང་ཉིད་ཀྱི་ནད་དྲག་མི་ཐུབ་པ་བཞིན། མི་གཞན་ཀྱིས་ཁྱོད་ལ་མི་ཚེའི་ལམ་སྟོན་གནང་ཚེ། ཁྱོད་ཀྱིས་རྣ་བས་ཉན་པ་ཙམ་ལས་ལག་ལེན་མ་བྱས་ན། རང་ཉིད་ཀྱི་སྡུག་བསྔལ་སེལ་དཀའ་བ་རེད། 
ནང་ཆོས་ཀྱི་གནས་ལུགས་ཡང་དག་པར་རྟོགས་པའི་སྒོམ་སྒྲུབ་པ་ཞིག་གིས། ཆེ་ས་ནས་རྒྱལ་ཁབ་དང་སྤྱི་ཚོགས། ཆུང་ས་ནས་ཁྱིམ་ཚང་དང་མི་སྒེར་ལ་ཕན་པ་ལས་གནོད་པ་གཅིག་ཀྱང་མི་སྐྱེལ་ཏེ། གུ་ཡངས་དང་བཟོད་སྒོམ། སྒེར་སེམས་མ་ཡིན་པའི་སེམས་ཁམས་ལྡན་ན། གནོད་འཚེ་མང་པོ་ཞིག་གནོད་འཚེ་རུ་མི་འགྱུར་ལ། གནད་དོན་མང་པོ་ཞིག་ཀྱང་གནད་དོན་དུ་མི་འགྱུར། 
མི་མང་པོ་ཞིག་གིས་རང་ཉིད་ཀྱི་སྡུག་བསྔལ་ཐམས་ཅད་འཛིན་པ་སྣ་ཚོགས་ལས་བྱུང་བ་མི་རྟོགས། རེད་དེ་འཛིན་པ་དེ་དག་སེལ་འདོད་ན། ནང་ཆོས་སུ་ཁྱད་དུ་འཕགས་པའི་མན་ངག་དང་ཐབས་ལམ་སྟབས་བདེ་ཡོད་པ་རེད། ད་ལྟ་མི་ཉུང་བ་ཞིག་གིས་ནང་ཆོས་སྦྱངས་རྗེས། སྤྱིར་འཛིན་པ་ཐམས་ཅད་དང་གཏན་ནས་བྲལ་ཅེས་བརྗོད་མི་ཕོད་མོད། འོན་ཀྱང་། བྱ་དངོས་ལ་ལའི་གནས་ལུགས་རྟོགས་སླ་བ་དང་འཛིན་པ་ཐལ་དྲགས་པོ་མི་བྱེད་པས། དེ་ལས་རང་ཉིད་ཀྱི་འཚོ་བ་ལ་ཡང་ནམ་མཁའ་གསར་བ་ཞིག་གི་སྒོ་ཕྱེས།
སྤྲོ་སྣང་ལྡན་པའི་མིས་རེ་ཐག་ཆད་པའི་སྐབས་སུ་ཡང་རེ་བ་རྙེད་ཐུབ་ལ། སྐྱོ་སྣང་ལྡན་པའི་མིས་རེ་བའི་ཁྲོད་ནས་ཀྱང་རེ་ཐག་ཆད་འགྲོ་བ་མཐོང་། དོན་དུ་སང་ཉིན་ཡོད་ཚད་རེ་བའི་ཉི་མ་ཡིན་པས། ཡུལ་དུས་ངན་པ་གང་དུ་ཚུད་ཀྱང་རེ་ཐག་ཆད་མི་ཉན་ཏེ། ཡོད་ཚད་བསྒྱུར་ཆོག་པས་སོ།།
ང་ཚོས་མི་ཚེ་བསྒྱུར་མ་བཏུབ་ཀྱང་མི་ཚེའི་ལྟ་བ་བསྒྱུར་ཆོག་ལ། ཁོར་ཡུག་བསྒྱུར་མ་བཏུབ་ཀྱང་སེམས་ཁམས་བསྒྱུར་ཆོག་པ་རེད། གང་ལྟར་ཡང་ང་ཚོའི་འཚོ་བ་ནི། བྱུང་བའི་དོན་དག་གིས་ཐག་གཅོད་མི་བྱེད་པར། དོན་དག་ལ་བཟུང་བའི་རྣམ་འགྱུར་གྱིས་ཐག་གཅོད་བྱེད་པ་རེད།
གལ་ཏེ་ཚེ་རབས་སྔོན་མའི་ལས་སྐལ་མེད་ན། ང་ཚོར་མཁས་མཛངས་ལྡན་པའི་བླ་མ་མཇལ་བའི་བསོད་ནམས་མེད། གལ་ཏེ་ནང་སེམས་མ་གཙང་ན། སངས་རྒྱས་དང་མཚུངས་པའི་བླ་མ་མཇལ་ཡང་ཁོང་ཉིད་ཡོན་ཏན་པར་ལྟ་མི་སྲིད།

阿魄羊倌
འདིར་འབྲེལ་བ་གྱིས་དང་། ཁྱོད་ལ་མཁོ་བའི་རིག་དངོས་ཀྱིས་སྒུག་ནས་ཡོད་ངེས།
 最新文章