ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་རྣམ་ཐར་གྱི་དོགས་གཅོད་གསེར་གྱི་རྒྱལ་མཚན་འདེགས་པའི་འཁྲུ་ཤིང་ཞེས་བྱ་བ།
བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །
འདི་ལ་གཉིས། སྐབས་བབ་བཙུན་པའི་རྣམ་ཐར་དངོས་དང་། དེ་ལ་དོགས་པ་བསལ་བའོ། །དང་པོ་ནི། གངས་ལྗོངས་འཇམ་དབྱངས་རྣམ་གསུམ་གྱི་ཡ་གྱལ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཞེས་བྱ་བ་ནི། དོན་ལ་ངེས་དོན་འཇམ་དཔལ་ཀུན་ཏུ་བཟང་པོའི་ངོ་བོར་ཡེ་ནས་སངས་རྒྱས་སུ་ཟིན་ཀྱང་། གདུལ་བྱའི་སྣང་ངོར་ནང་བྱང་སེམས་དང་། གསང་བར་བསྐྱེད་རྫོགས་ཀྱི་ཉམས་ལེན་དཔྱིས་ཕྱིན་པར་མཛད་ཅིང་། ཕྱི་ལྟར་རབ་ཏུ་བྱུང་སྟེ། འདོད་ཆུང་ཆོག་ཤེས་ཀྱི་འཕགས་པའི་རིགས་ལ་གནས་ནས། སྐུ་ཚེ་མཐར་བསྐྱལ་བའི་དགེ་སྦྱོང་ཆེན་པོ་ཞིག་སྟེ། དེའང་དགོངས་ལོ་བཅུ་གཉིས་ནས་རབ་ཏུ་བྱུང་བ་སྟེ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་རང་གིས་མཛད་པའི་མཁའ་འགྲོ་ཡང་ཏིག་གི་གཏེར་འབྱུང་རིན་པོ་ཆེའི་ལོ་རྒྱུས་ལས། ལོ་བཅུ་གཉིས་ན་རབ་ཏུ་བྱུང་སྟེ། མཁན་པོ་བསམ་འགྲུབ་རིན་ཆེན་གྱི་དྲུང་དུ་དམ་པའི་ཆོས་འདུལ་བ་ལ་སྦྱངས་ཤིང་། འདུལ་བ་ལུང་དང་། སོ་སོར་ཐར་པའི་མདོ་དང་། འོད་ལྡན་ལ་སོགས་པ་ཕྲན་ཚེགས་རྣམས་གསན་པར་མཛད་དོ། །ཞེས་དང་། ཡང་ཁོང་གིས་མཛད་པའི་ཟབ་མོ་ཡང་ཏིག་གི་ལོ་རྒྱུས་རིན་པོ་ཆེའི་ཕྲེང་བ་ལས། ལོ་བཅུ་གཉིས་ན་མཁན་པོ་བསམ་འགྲུབ་རིན་ཆེན་དང་། ༼ལས་ཀྱི་༽ སློབ་དཔོན་ཀུན་དགའ་འོད་ཟེར་ལས་རབ་ཏུ་བྱུང་སྟེ། འདུལ་བ་བསླབས་ནས་ལོ་བཅུ་བཞི་ནས་ ༼གཞན་ལ་༽ བཤད་དོ། །ཞེས་དང་། མཁའ་འགྲོ་སྙིང་ཐིག་གི་ལོ་རྒྱུས་རིན་པོ་ཆེའི་ཕྲེང་བ་ལས། ཨུ་རྒྱན་ཆེན་པོས་ལུང་བསྟན་པ་བཞིན། ལྷ་ལྕམ་པད་མ་གསལ་སྐྱེ་བ་རིམ་གྱིས་བརྒྱུད་པ་ལས། ཚེ་ལོ་ལྔ་བཅུ་ཁ་རལ་གྱི་ཚེ། གསལ་རྗེ་གོང་གི་ཤར་ཕྱོགས་འབྲི་ཐང་ཞེས་བྱ་བའི་ས་ཆར་སྐུ་འཁྲུངས་ཏེ། ཆུང་ངུའི་དུས་ནས་ཆོས་ལ་མོས་པས་རབ་ཏུ་བྱུང་སྟེ་མཚན་ཚུལ་ཁྲིམས་རྡོ་རྗེ་ཞེས་གྲགས་སོ། །ཞེས་དང་། ཀུན་མཁྱེན་བླ་མའི་དངོས་སློབ་འདན་སྒོམ་པ་ཆོས་གྲགས་བཟང་པོས་བྲིས་པའི་ཀློང་ཆེན་རབ་འབྱམས་ཀྱི་རྣམ་ཐར་ལས། ཟས་གཙང་སྲས་པོ་ཁབ་ནས་མངོན་ཕྱུང་སྟེ། །རྣམ་དག་དྲུང་དུ་རབ་བྱུང་བསྙེན་པར་རྫོགས། །འཁོར་བའི་ཉེས་དམིགས་གཟིགས་པའི་ཚུལ་བསྟན་ནས། །འགྲོ་བའི་ཁ་ལོ་གྱེན་ལ་བསྒྱུར་བར་མཛད། །དེ་ལྟར་དམ་པ་འདི་ཡང་བསམ་ཡས་སུ། །བསྟན་པའི་གཞི་མ་འདུལ་བ་ཡིན་དགོངས་ནས། །ཉན་ཅིང་བཤད་ནས་ཕུལ་དུ་ཕྱིན་པར་མཛད། །ཐུབ་ཆེན་རྗེས་འགྲོ་དེ་ལ་གུས་པས་འདུད། །ཞེས་དང་། བསོད་ནམས་ཆོས་འགྲུབ་ཀྱིས་མཛད་པའི་རྣམ་ཐར་མཐོང་བ་ཀུན་བཏུས་ལས། དེ་ནས་དགུང་ལོ་བཅུ་གཉིས་བཞེས་སྐབས་སྔོན་སྦྱངས་ལས་འཕྲོ་བཟང་པོ་དུས་སུ་སྨིན་ནས། བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་ཉིད་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་རྗེས་སུ་སློབ་ཚུལ། དགའ་བོ་རབ་ཏུ་བྱུང་བའི་མདོ་ལས། ཁྱིམ་པ་རྣམས་ནི་མེའི་འོབས་ན་གནས་པ་ལྟ་བུའོ། ། རབ་ཏུ་བྱུང་བ་རྣམས་ནི་བསིལ་ཁང་ན་གནས་པ་ལྟ་བུའོ། ། ཞེས་དང་། ཆོ་འཕྲུལ་ཆེན་པོའི་མདོ་ལས། སྨད་པར་བྱ་བའི་ཁྱིམ་ལ་བརྟེན་པ་དེས། ། བླ་མེད་བྱང་ཆུབ་དམ་པ་གཞར་མི་ཐོབ། ། ཁྱིམ་གྱིས་སྐྲག་སྟེ་ཁྱིམ་ནས་མངོན་འབྱུང་བ། ། དེ་དག་བྱང་ཆུབ་མཆོག་འདི་རྙེད་མི་དཀའ། །ཞེས་དང་། སྐྱེས་རབས་ལས། གལ་ཏེ་ཆོས་སྤྱོད་ཁྱིམ་པའི་སོ་ནམ་འཆོར། །ཁྱིམ་ལ་ཕྱོགས་ན་ཆོས་ཀྱང་ག་ལ་འགྲུབ། །དེ་བས་ཆོས་དང་འགལ་བའི་སྐྱོན་ཡོད་ཕྱིར། །བདག་ལ་ཕན་འདོད་སུ་ཞིག་ཁྱིམ་ན་གནས། །ཞེས་གསུངས་པ་བཞིན་ཁྱིམ་དང་འཁོར་བ་ལ་སྐྱོ་བའི་ངེས་འབྱུང་། རབ་བྱུང་དང་ཐར་བ་ལ་སྤྲོ་བའི་དད་པས་ཐུགས་རྒྱུད་ཡང་ཡང་བསྐུལ་ཏེ། བསྟན་པའི་གཞི་མ་དང་ཡོན་ཏན་གྱི་འབྱུང་གནས་འདུལ་བ་ཡིན་པར་དགོངས་ནས། འཁོར་བའི་རང་བཞིན་བདེ་མེད་སྡུག་བསྔལ་བརྒྱ་ཕྲག་གི་འབྱུང་གནས་དུག་སྦྲུལ་གྱི་ཚང་དང་། མེའི་འོབས་ལྟར་གཟིགས་ནས་ཐུགས་སུན་ཏེ་འཁོར་བའི་བྱ་བཞག་དང་། ཁྱིམ་པའི་རྟགས་ཆ་ལུགས་ཡོངས་སུ་དོར་ཏེ། ངེས་འབྱུང་གི་བསམ་པ་དང་བསྟན་འགྲོ་ལ་ཕན་པའི་ཐུགས་བསྐྱེད་གསེར་ལྟར་དག་པའི་སྒོ་ནས། བཀྲ་ཤིས་པའི་གནས་མཆོག་དམ་པ་བསམ་ཡས་སུ་བྱོན་ནས། བརྟན་མཁས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་མཁན་པོ་ཐུབ་བསྟན་བསམ་འགྲུབ་རིན་ཆེན་དང་། ལས་ཀྱི་སློབ་དཔོན་ཀུན་དགའ་འོད་ཟེར་སོགས་དད་པའི་ཡུལ་དགེ་འདུན་གྲངས་ཚང་པའི་དབུས་སུ། ལེགས་པར་གསུངས་པའི་ཆོས་འདུལ་བ་ལས་རབ་ཏུ་བྱུང་ནས། མཚན་ཚུལ་ཁྲིམས་བློ་གྲོས་ཞེས་གསོལ་བའོ། ། དེ་ནས་དགུང་ལོ་བཅུ་བཞི་ནས་བཟུང་། ཐེག་པའི་འཇུག་སྒོ་ཐོག་མར་ལེགས་བཤད་འདུལ་བའི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་གསན་གཟིགས་ཚུལ་བཞིན་མཛད་ཚེ། ཚིག་དོན་ནོར་འཁྲུལ་མེད་པར་མཁྱེན་པའི་བློ་གྲོས་ཀྱི་པདྨ་ཀུན་ནས་རབ་ཏུ་རྒྱས་ཤིང་། སྐལ་ལྡན་ངུར་སྨྲིག་འཛིན་པ་རྐང་དྲུག་བུང་བའི་ཚོགས་ལ། རོ་མངར་ནུས་བཅུད་ལྡན་པའི་ཆོས་ཀྱི་བདུད་རྩི་དྭངས་མ་ཕངས་མེད་ཡོངས་སུ་སྟེར་བར་སྤྲོ་ནས། སྟོན་པ་ཐུགས་རྗེ་ཅན་གྱི་འཁོར་ལོ་དང་པོའི་དངོས་བསྟན་འདུལ་བ་སོ་ཐར་ཡིན་པས། ཇི་སྐད་བཀའ་བསྩལ་བའི་དོན་རྣམས་ཞིབ་རྒྱས་སུ་བཤད་པ་རྒྱ་ཆེར་གནང་བས། སྟོན་པ་དངོས་བཞིན་བསྟན་འགྲོ་ལ་ཕན་པ་བརྗོད་ལས་འདས་པ་བྱུང་སྟེ། སོར་མདོ་ལས། ང་ནི་མྱ་ངན་འདས་འོག་ཏུ། ། འདི་ནི་ཁྱོད་ཀྱི་སྟོན་པའོ། ། ཞེས་གསུངས་པ་བཞིན་ནོ། ། དུས་འདི་ཙམ་ནས། ཚུལ་ཁྲིམས་ལྡན་པ་གྲགས་འགྱུར་བདེ་བ་ཐོབ། །ཞེས་པ་ལྟར་ཚུལ་ལྡན་དང་མཁས་པའི་སྙན་གྲགས་རྒྱལ་ཁམས་ཡོངས་ལ་དབྱར་རྔའི་སྒྲ་བཞིན་ལྡིར་ཞིང་། གདུལ་བྱའི་སློབ་མ་སྤྲིན་བཞིན་འདུས་པ་སོགས་ཆོས་ཀྱི་རྒྱལ་སྲིད་ཆེན་པོར་ཐོབ་ཀྱང་། འཇིག་རྟེན་ཆོས་བརྒྱད་དང་འདིར་སྣང་འུར་སྤྱོད་ཀྱི་སྤྲོས་པ་གཏན་ནས་མི་མངའ་བས། དེང་སང་གི་བླ་སྤྲུལ་དང་དགེ་བཤེས་མཁས་པར་གྲགས་པ་རྣམས་ཀྱི་མཛད་སྤྱོད་ལྟར་དབུ་ལ་གསེར་ཞྭ། རྒྱབ་དར་ཕྲུག། ཞབས་སག་ལྷམ། གུར་སྒར་བཅའ། འཁོར་གྲྭ་ཕྱི། གསེར་དངུལ་མཆོད་ཆ། ལ་ཁྱི་ཧ་པ་སོགས་ལྟ་ཅི། ཆོས་གོས་དང་། གནས་མལ། བསོད་སྙོམས་ངན་ངོན་ཙམ་གྱིས་ཆོག་ཤེས་པ་སོགས་མ་ཆགས་འཕགས་རིགས་བཞིའི་ཐུགས་རྒྱུད་ལེགས་པར་ཕྱུག་ཅིང་། སྤྱོད་པ་མཐའ་གཉིས་ལ་མི་གནས་པར་སྦྱང་བའི་ཡོན་ཏན་བཅུ་གཉིས་ལ་སྤྱོད་ནས། ཀུན་སྤོང་བྱ་བྲལ་སྒོ་གཅིག་གི་བརྟུལ་ཞུགས་འཆང་ཞིང་། ང་རྒྱལ་གྱི་མགོ་འཕང་སྨད་ནས་ཀུན་ལས་དམན་པའི་ས་བཟུང་སྟེ། མཆོག་དམན་འབྲིང་གསུམ་གོང་དུ་བཀུར་བ་དང་། དག་མཉམ་བདེན་པ་དབྱེར་མེད་ཀྱི་ལྟ་དགོངས་གདེང་ལྡན་གྱི་གྲུབ་ཐོབ་དང་། ཨོ་རྒྱན་པདྨའི་རྒྱལ་ཚབ་དམ་པ་ལུང་ཟིན་གྱི་གཏེར་སྟོན་འཁྲུལ་མེད་མངོན་ཞིང་། རྒྱལ་བསྟན་སྤྱི་ལ་ཕན་པའི་མཛེས་རྒྱན་དམ་པར་དགོངས་ནས། ཚུལ་ཁྲིམས་རྣམ་པར་དག་པའི་གཞི་བཟུང་སྟེ། རྟེན་རབ་བྱུང་ཁོ་ནའི་སྐུ་ཚེ་དུས་འདའ་བས། བཙུན་པའི་ཡོན་ཏན་གསེར་བས་ལྕི་བ་འཕགས་པ་དགྲ་བཅོམ་པ་དང་། བཀའ་གདམས་རྙིང་མའི་དགེ་བའི་བཤེས་གཉེན་དམ་པ་རྣམས་དང་སྤྱོད་ཚུལ་མཐུན་པས། ཆོས་ཀྱི་མཛོད་དང་རྒྱལ་བའི་གདུང་འཛིན་པའི་སྲས་ལྷ་དང་བཅས་པའི་བསོད་ནམས་བསགས་པའི་ཞིང་ས་དམ་པ་ཨེ་མ་ཧོ། ཞེས་རྒྱལ་བ་སྲས་དང་བཅས་པས་བསྔགས་བརྗོད་རིན་ཆེན་མེ་ཏོག་ཡང་ནས་ཡང་དུ་འཐོར་བའི་གནས་སུ་འོས་ཏེ། འདུལ་བ་སུམ་བརྒྱ་པ་ལས། ཐུབ་བསྟན་རིན་ཆེན་སྒྲོན་མེ་མཆོག། འབར་བའི་སྣོད་དུ་དཀའ་ཐུབ་ཅན། །ངུར་སྨྲིག་འཛིན་པ་ཤཱཀྱའི་སྲས། །དགེ་སློང་རྣམས་ནི་ཡིན་ཕྱིར་རོ། ། ཞེས་དང་། སྐྱེས་རབས་ལས། ཚུལ་ཁྲིམས་འདི་ནི་བདེ་བའི་མཆོག། ཚུལ་ཁྲིམས་འདི་ནི་ཐར་བའི་ལམ། ། ཚུལ་ཁྲིམས་འདི་ནི་ཡོན་ཏན་གཞི། ། ཚུལ་ཁྲིམས་འདི་ནི་སངས་རྒྱས་རྒྱུ། ། ཞེས་དང་། ཆོ་འཕྲུལ་ཆེན་པོའི་མདོ་ལས། རབ་བྱུང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །རབ་ཏུ་བསྟོད་ཅིང་བསྔགས་ལ་བཀུར་བ་ཡིན། །གང་གིས་སངས་རྒྱས་ཀུན་ལ་མཆོད་འདོད་པ། །རྒྱལ་བའི་བསྟན་ལ་རབ་བྱུང་གཟུང་བར་བགྱི། ། ཞེས་དང་། མདོ་རྒྱན་ལས། རབ་ཏུ་བྱུང་བའི་ཕྱོགས་དག་ནི། །ཡོན་ཏན་ཚད་མེད་རྣམས་དང་ལྡན། །དེས་ན་སྡོམ་བརྩོན་ཁྱིམ་པ་ཡི། །བྱང་ཆུབ་སེམས་དཔའ་ལས་ཁྱད་འཕགས། ། ཞེས་དང་། བཞི་བརྒྱ་པ་ལས། ཁྲིམས་ལྡན་ཡུན་རིང་འཚོ་བ་ནི། །དེ་ལ་བསོད་ནམས་ཆེན་པོ་འབྱུང་། །མི་དེས་ཉི་མས་གཅིག་ལ་ཡང་། ། བསོད་ནམས་ཕུང་པོ་དཔག་ཏུ་མེད། །གསོག་ཅིང་སངས་རྒྱས་ཉིད་དུ་འགྱུར། །ཞེས་དང་། ཡིད་བཞིན་རིན་པོ་ཆེ་མཛོད་ཀྱི་མཇུག་རྩོམ་དུ། རང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་དུ་སོན་པའི་དགེ་སློང་རྡོ་རྗེ་འཛིན་པ་ ཚུལ་ཁྲིམས་བློ་གྲོས་ཀྱིས་ལེགས་པར་སྦྱར་བ་རྫོགས་སོ། །ཞེས་དང་། ཡིད་བཞིན་མཛོད་འགྲེལ་པདྨ་དཀར་པོའི་མཇུག་རྩོམ་དུ། རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་དུ་སོན་པའི་དགེ་སློང་རྡོ་རྗེ་འཛིན་པ་ ཚུལ་ཁྲིམས་བློ་གྲོས་ཀྱིས་གྲྭ་རི་རིན་པོ་ཆེ་པདྨ་བརྩེགས་པའི་འདབ། དཔལ་ལྡན་ལྷུན་གྱིས་གྲུབ་པའི་གླིང་དུ་ལེགས་པར་བཀོད་པ་འདི་ཡོངས་སུ་རྫོགས་སོ། །ཞེས་དང་། རིག་འཛིན་འཇིགས་མེད་གླིང་པས་མཛད་པའི་བླ་སྒྲུབ་ཐིག་ལེའི་རྒྱ་ཅན་ལས། ཞི་འཛུམ་པཎྜི་ཏ་ཡི་ཆས༔ སེམས་ཉིད་ངལ་བསོའི་ཕྱག་རྒྱ་ཅན༔ ཞེས་རབ་བྱུང་གི་ཆས་ཅན་དུ་གསུངས་པ་དང་། བསྐང་བཤགསཌཱཀྐིའི་ཐོལ་གླུ་ལས། ཀུན་གཟིགས་ཡེ་ཤེས་དགེ་སློང་མཆོག་གི་དངོས། །ཀུན་མཁྱེན་དྲི་མེད་འོད་ཟེར་ཐུགས་དམ་བསྐང་། །ཞེས་དང་། རིག་འཛིན་འཇིགས་མེད་གླིང་པས་མཛད་པའི་ཀློང་ཆེན་སྙིང་གི་ཐིག་ལེའི་རྟོགས་པ་བརྗོད་པ་ཌཱཀྐའི་གསང་གཏམ་ཆེན་མོ་ལས། དཔལ་བསམ་ཡས་པ་ཀུན་མཁྱེན་ངག་གི་དབང་པོ་སྐུ་གཟུགས་བཟང་ལ་ན་བཟའ་ཆོས་གོས་རྣམ་གསུམ་གྱིས་མཛེས་ཤིང་། སྐུ་ན་ཅུང་ཟད་སྨིན་པ། དེ་བཞིན་གཤེགས་པ་ལྟར་མཐོང་ན་མི་མཐུན་པ་མེད་པ་ཞིག་དང་མིག་འཕྲུལ་ལྟ་བུར་མཇལ་ཏེ། ཞེས་ཁོང་གིས་ཀུན་མཁྱེན་འཇིགས་མེད་གླིང་པ་ཡེ་ཤེས་སྒྱུ་མའི་སྐུས་རྗེས་སུ་བཟུང་སྐབས་ཀྱང་རབ་བྱུང་གི་རྟེན་ཅན་དུ་སྣང་བ་ལྟ་བུའོ།།
གཉིས་པ་དོགས་པ་བསལ་བ་ནི།
བརྒྱུད་འཛིན་གྱི་སློབ་བུའི་ལུང་བསྟན་ལས། ཨེ་མ་ཤེས་རབ་སྙིང་རྗེ་ཅན༔ ཁྱོད་ཉིད་ང་ཡི་གཏེར་སྒོ་ཕྱེ་ནས་ཚེའི་དུས་མ་བྱས་ཀྱི་བར་དུ་བརྒྱུད་འཛིན་གྱི་སློབ་བུ་རིགས་མི་འདྲ་བ་བདུན་གསུམ་འབྱུང་སྟེ༔ སྐྱེས་པའི་སློབ་བུ་བཅུ་བཞི་འབྱུང་༔ བུད་མེད་ཌཱཀྐིའི་རིགས་ཆོས་སམ་ལུས་ཀྱིས་འབྲེལ་པ་བདུན་འབྱུང་སྟེ༔ ཞེས་བུད་མེད་ཌཱཀྐིའི་རིགས་བདུན་འབྱུང་རྒྱུ་ཡོད་པར་ལུང་བསྟན་ཀྱང་། མིའི་བུད་མེད་བདུན་དངོས་སུ་ཕྱི་ཚུལ་མཐུན་སྣང་དུ་འབྲེལ་བ་འབྱུང་མེད་ལ། ཡུལ་རྒྱ་མ་ན་གྲུབ་ཐོབ་ལྕོག་ལའི་སྒྲུབ་ཕུག་ཏུ་སྐུ་མཚམས་ལ་བཞུགས་དུས། ཉིན་ཞིག་ཐོ་རེངས་ཀྱི་ཁར་མཁའ་འགྲོ་མ་ལོ་བཅུ་དྲུག་ལོན་པ། རྟ་གསེར་ཁྲབ་དང་དྲིལ་བུ་གཡེར་ཁས་བརྒྱན་པ་ཞོན་མཁན་ཞིག་གིས་ཞལ་གཟིགས་ནས་རྗེས་སུ་བཟུང་བར་གསུངས་པ་དང་། གཞན་ཡང་རེ་མ་ཏི་དང་། རྡོ་རྗེ་གཡུ་སྒྲོན་མ་དང་། ཡེ་ཤེས་མཚོ་རྒྱལ། ཕམ་མོ་དམར་མོ་དང་། སྒྲོལ་མ། དབྱངས་ཅན་མ། ཨེ་ཀ་ཙ་ཏི་སོགས་ཀྱིས་ཞལ་གཟིགས་པ་དང་། རི་མོ་ཅན་དུ་སྙིང་ཐིག་གསུང་སྐབས། ཨོ་རྒྱན་ཡབ་ཡུམ་གྱིས་ཁོང་ལ་དབང་བསྐུར་བའི་དུས་སུ་དཀྱིལ་འཁོར་གྱི་རྩར་བུ་མོ་ལོ་བཅུ་དྲུག་ཙམ་གཡུ་ལྟར་སྔོ་བ་བདུན་བྱུང་ནས་བྲོ་འཁྲབ་པ་དང་། ཡེ་ཤེས་ཀྱི་མཁའ་འགྲོ་མ་མང་པོ་མི་དང་མི་ལབ་པ་བཞིན་དུ་སྣང་བ་སོགས་གསུངས་པ་ནི། ནང་དང་གསང་བའི་སྤྱོད་པ་ཡིན་པས་སུས་ཀྱང་ཁ་ཚོན་གཅོད་མི་ནུས་སོ།། ཞུས་ལན་བདུད་རྩི་གསེར་ཕྲེང་ལས། སྲས་ཟླ་བ་གྲགས་པ་བྱ་བ་རྟ་མགྲིན་གྱི་སྤྲུལ་པ་གཅིག་འཁྲུངས༔ ཞེས་ཀུན་མཁྱེན་ཆེན་པོ་ལ་གདུང་སྲས་འཁྲུངས་པར་ལུང་བསྟན་པ་མ་ཡིན་ནམ་ཞེ་ན། དེ་ནི་པདྨ་གླིང་པའི་ཐུགས་སྲས་ཟླ་བ་རྒྱལ་མཚན་ལུང་གིས་ཟིན་པ་སྟེ། ཞུས་ལན་བདུད་རྩི་གསེར་ཕྲེང་ལ་ཞིབ་ཏུ་བལྟས་པས་ཤེས་ཏེ། དེ་ལས། སྤྱིར་སྙིགས་མའི་བསྟན་པ་ཐམས་ཅད་རྒྱས་ལ་ཡུན་ཐུང་བ་འབྱུང༔ (༡༦)དུས་ཀྱི་ཐ་མ་མི་ལོ་ལྔ་བཅུ་ཁ་རལ་གྱི་དུས་སུ་ལྷ་ལྕམ་འདི་མི་ལུས་ལེན་དེ། མངའ་བདག་གསུང་གི་སྤྲུལ་པ་མྱང་རལ་གྱིས་རྗེས་སུ་འཛིན༔ མངའ་བདག་སྐྱེ་བ་ཆོས་དབང་གི་ཕྱི་མའི་དུས་སུ་ཆོས་འབྲེལ་ཐོགས་པ་ཙམ་ཡིན༔ སྐྱེ་བ་དེའི་ཕྱི་མ་ལ༔ སྙིང་ཐིག་མན་ངག་གི་གཏེར་འདི་དང་འཕྲད༔ དེའི་དུས་སུ་འགྲོ་དོན་མི་འབྱུང་བས༔ ཉམས་སུ་ལེན་པའི་དུས་ཡིན༔ སྐྱེས་བུ་དེ་ཚེ་ཚད་ལྔ་བཅུ་ང་དགུ་བཞུགས༔ ལས་དང་ལྡན་པ་དང་མི་ལྡན་པའི་འབྲེལ་པ་ཁ་ཡར་ཡོང༔ དེ་རྣམས་ལ་ལ་བདེ་བ་ཅན་དུ་འགྲོ་སྟེ༔ ཁོང་གི་གདུལ་བྱར་གྱུར་པ་ལ་ལ་ངན་སོང་དུ་སྐྱེའོ༔ དེས་དམ་སེལ་གྱིས་གཤེགས་ཚུལ་བསྟན་ཏེ༔ ལྔ་བཅུའི་གོང་དུ་འདའ་བ་ཡང་སྲིད་པས་དམ་ཚིག་གི་སེལ་ལ་འཛེམ༔བཤགས་པ་ལ་འབུངས༔ དེ་ལྟར་བྱས་ན་དགུང་ལོ་ཡང་ཚེ་ཚད་དུ་བཞུགས་སོ༔ དེའི་དུས་སུ་མཁའ་འགྲོ་སྡེ་ལྔས་བྱིན་གྱིས་བརླབས་པའི་བུད་མེད་གཅིག་འབྱུང་སྲིད་དེ༔ དེ་བྱུང་ན་དེས་ཕྱག་རྒྱ་མ་བྱས་པས་ཚེ་ལ་གསོལ་བ་ཐེབས་ནས་ལྔ་བཅུ་མི་ཚད་བཞུགས་པ་ཡང་སྲིད༔ དེའི་གདུལ་བྱ་ལས་དང་ལྡན་པའི་བུ་མོ་ཤ་སྨེའི་རྟགས་ཅན་གཅིག་འོང༔ དེ་ལ་གདམས་པ་ལྷག་མ་མ་ལུས་པར་བྱིན་ན༔ འགྲོ་དོན་ཡང་བག་ཙམ་ནུས༔ སྐྱེ་བ་དེ་ལ་མ་བྱུང་ན་སྐྱེ་བ་ཕྱི་མའི་གདུལ་བྱར་ཡོང་སྟེ་ཁ་རག་གི་ཕུར་ལྷག་མེད་དུ་སངས་རྒྱའོ༔ གདམས་པ་འདི་རྣམས་བུམ་ཐང་སྨད་དུ་མ་སྐྱོལ་ན་སྔར་གྱི་གཏེར་ཤུལ་ལམ༔ ལྷ་འདྲེ་མི་འཕོ་བའི་སར་བྲག་ལ་སྦས་ན་སྐྱེ་བ་ཕྱི་མ་ལ་འཐོན་པར་འགྱུར་རོ༔ སྐྱེ་བ་དེ་འདས་ནས་ལོངས་སྐུའི་ཞིང་ཁམས་དར་གཅིག་ཉུལ༔ དེ་ནས་བུམ་ཐང་ཐར་པ་གླིང་དུ་སྐྱེ༔ ལོ་བཅོ་ལྔ་ནས་འགྲོ་དོན་བྱེད༔ གཏེར་སྒོ་མང་བར་འབྱེད་རྫུ་འཕྲུལ་ཡ་མ་ཟུང་སྟོན༔ དེ་ནི་དགུང་ལོ་བདུན་ཅུ་བཞུགས༔ བུད་མེད་ཀྱི་ལུས་བཟུང་བའི་མཁའ་འགྲོ་མ་ལྔས་ཡུམ་བྱས་ནས་འགྲོ་དོན་འུར་བར་འགྱུར་རོ༔ སྲས་ཟླ་བ་གྲགས་པ་བྱ་བ་རྟ་མགྲིན་གྱི་སྤྲུལ་པ་གཅིག་འཁྲུངས༔ དེས་ཀྱང་འགྲོ་དོན་བྱེད༔ བསྟན་པ་མི་ལོ་དགུ་བཅུ་སྐྱོང༔ དེའི་ཆོས་སྐལ་འདི་ཡིན་པས་གཏེར་དུ་སྦེད་ཅེས་གསུངས་སོ༔ ཞེས་གསུངས་པའི་དོན་ནི། གངས་ཅན་གྱི་ལྗོངས་འདིར་མངའ་བདག་ཚངས་པ་ལྷའི་མེ་ཏོག་གི་ལྕམ་མོ་པདྨ་གསལ་ཞེས་པ་ཨོ་རྒྱན་ཆེན་པོའི་བདེ་ཆེན་ཡེ་ཤེས་ཀྱི་ལས་རྒྱ་དང་། རིག་མ་སངས་རྒྱས་སྐྱིད་ཅེས་མངའ་བདག་ཉང་རིན་པོ་ཆེའི་དང་། དེ་ནས་པདྨ་སྒྲོན་མ་ཞེས་པ་གུ་རུ་ཆོས་ཀྱི་དབང་ཕྱུག་གི་ལས་རྒྱར་གྱུར་པ་དང་། གོང་དུ། སྐྱེ་བ་དེའི་ཕྱི་མ་ལ༔ སྙིང་ཐིག་མན་ངག་གི་གཏེར་འདི་དང་འཕྲད༔ སོགས་ཀྱིས་སྔགས་པ་རིན་ཆེན་གྲགས་པ་ཞེས་ཡི་དམ་གྱི་ལྷའི་ཞལ་ལན་བདུན་དུ་གཟིགས་ཤིང་། དྲོད་ཚད་བརྙེས་པ་དེ་བསྟན་པ་དང་། སྐྱེ་བ་དེ་ལ་མ་བྱུང་ན་སྐྱེ་བ་ཕྱི་མའི་ཞེས་སོགས་ཀྱིས་ནི་སྤང་སྒང་པ་རིན་ཆེན་རྡོ་རྗེའམ། གསང་མཚན་པདྨ་ལས་འབྲེལ་རྩལ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་བསྟན་པ་དང་། ལོངས་སྐུའི་ཞིང་དུ་དར་ཅིག་ཉུལ་ཞེས་པས། ཀུན་མཁྱེན་ཆེན་པོ་འདི་ལྷུན་གྲུབ་འོད་གསལ་ཚད་ཕེབས་ཀྱི་སྣང་བ་འབྱམས་སུ་ཀླས་པ་ཉིད་བསྟན་ཅིང་། སྐྱེ་བ་དེ་འདས་ནས་ཞེས་པ་ནས་པདྨ་ལས་འབྲེལ་རྩལ་སྐུ་གཤེགས་པ་དང་། པདྨ་གླིང་པ་འཁྲུངས་ཡུལ་སོགས་བསྟན་ཏོ། །མཁས་པ་འགས་ཚིག་ཕྱི་མ་འདི་དག་གིས་ཀུན་མཁྱེན་ཆེན་པོ་ལུང་བསྟན་པར་བཤད་ཀྱང་། དེ་མ་ཡིན་ཏེ། བུམ་ཐང་ཐར་པ་གླིང་དུ་སྐྱེ༔ ཞེས་པ་དང་། ལོ་བཅོ་ལྔ་ནས་འགྲོ་དོན་བྱེད༔ ཅེས་པ་དང་། གཏེར་སྒོ་མང་བར་འབྱེད་རྫུ་འཕྲུལ་ཡ་མ་ཟུང་སྟོན༔ ཞེས་པ་དང་། དགུང་ལོ་བདུན་ཅུ་བཞུགས་སོགས་རེ་རེ་ནས་པདྨ་གླིང་པ་དང་མཐུན་པ་གང་ཞིག ཀུན་མཁྱེན་ཆེན་པོ་ལ་སྦྱར་ན་འགལ་བའི་ཕྱིར་རོ། །
དམིགས་བསལ་སྲས་ཟླ་བ་གྲགས་པ་བྱ་བ་རྟ་མགྲིན་གྱི་སྤྲུལ་པ་གཅིག་འཁྲུངས༔ ཞེས་པ་ཡང་པདྨ་གླིང་པའི་རང་རྣམ་ལས། དགུང་ལོ་དོན་གཉིས་པ་ས་སྦྲུལ་ལོ་ཧོར་ཟླ་དང་པོའི་ཚེས་གསུམ་གྱི་སྔ་དྲོ་སྐུ་དྲང་པོར་བསྲང་ཞབས་སྐྱིལ་ཀྲུང་གིས་བཞུགས་ཏེ། ཐུགས་སྲས་ཟླ་བ་དང་གྲགས་རྒྱལ་གཉིས་ཀྱི་དབུར་ཕྱག་གཉིས་གནང་ཞིང་། ཨ་ཨ་ཨ། ཞེས་སྐྱེ་མེད་ཀྱི་སྒྲ་དང་བཅས། སྤྲུལ་པའི་སྒྱུ་འཕྲུལ་ནང་དབྱིངས་གདོད་མའི་ཟད་ས་ཆེན་པོར་གཤེགས་སོ། །ཞེས་པའི་ཐུགས་སྲས་ཟླ་བ་རྒྱལ་མཚན་ལུང་བསྟན་པ་ཡིན་ཚུལ་གོང་དུ་སྨྲོས་པ་བཞིན་ནོ།། ཀུན་མཁྱེན་ཆེན་པོའི་རྣམ་ཐར་དག་ཏུ་ཡོད་པའི་མཁའ་འགྲོ་རྡོ་རྗེ་ཕག་མོའི་དྲིས་ལན་ལས་ཀྱང་། སློབ་དཔོན་རིན་རྡོར་གྱིས་སྤང་སྒང་པ་རིན་ཆེན་རྡོ་རྗེ་༼ པདྨ་ལས་འབྲེལ་རྩལ།༽ གང་ན་བཞུགས་དྲིས་པས། བླ་མ་༼ཀུན་མཁྱེན་ཆེན་པོ། ༽ལ་མཛུབ་མོ་བཙུགས་ནས་འདི་ན་བཞུགས་འདུག་པ་ཟེར། དེར་བླ་མས། ༼སྤང་སྒང་བ་རིན་ཆེན་རྡོ་རྗེ་༽ ཁོང་སྐྱེ་བ་དེའི་འོག་ཏུ་བུམ་ཐང་དུ་སྐྱེ་བ་ལ་ང་ག་ན་ཡིན་གསུངས་པས། དེ་ཀ་ལྟར་སྐྱེ་བ་མིན། བར་དུ་ལོངས་སྐུའི་ཞིང་ཉུལ་དགོས་པ་དེ་སློབ་དཔོན་རིན་ཆེན་རྡོ་རྗེས་གཏེར་ཐོན་རྗེས། ལོ་འགའ་ཡར་གསོང་ནས་བསྒྲུབ་པ་མཛད་ན་རང་དོན་དུ་འོད་གསལ་ལོངས་སྐུའི་རྩལ་སྦྱོངས་དང་། གཞན་ལ་ཕན་པ་རྒྱ་ཆེན་པོ་འོང་བ་ལ། མ་གསོང་པས་སྐུ་ཚེ་མཐར་མ་ཕྱིན། ད་ལྟ་ཁྱེད་དུ་སྐྱེས་དུས་འོད་གསལ་གྱི་སྣང་བ་ལམ་དུ་འཁྱེར་བ་འདི་ནི། ལོངས་སྐུའི་ཞིང་ཁམས་དར་གཅིག་ཉུལ་བ་དེ་ཡིན་ཟེར། ཞེས་གསུངས་པས་ཀྱང་ཤེས་ནུས་སོ།།
འོ་ན་གཏེར་ཆེན་པདྨ་གླིང་པའི་རང་རྣམ་ལས་ཀུན་མཁྱེན་ཆེན་པོའི་རྣམ་ཐར་གྱི་སྐབས་སུ། ཐར་པ་གླིང་ལ་བཞུགས་པའི་དུས། མེན་ལོག་ཏུ་བྱོན། ཀུན་བཟང་གླིང་དུ་བཞུགས་ནས། བླ་མ་ཡང་ཐིག་གི་ཁྲིད་བཀའ་སྐྱོང་བའི་དུས་སུ། སློབ་དཔོན་རྒྱན་སེང་དང་། བསོད་ནམས་འབུམ་ཕ་སྤད་གཉིས་ཀྱང་ཁྲིད་ཉན་པ་ལ་བྱུང་སྟེ། དེ་དུས་ཡོན་མཆོད་དུ་འབྲེལ་ནས། སློབ་དཔོན་བསོད་ནམས་འབུམ་ཆེ་བའི་སྟོབས་ཀྱིས། སྔན་ལོང་ཕན་ཆད། སྤ་གྲོ་ཚུན་ཆད་ཡོན་བདག་ཏུ་གྱུར་ནས་གདུལ་བྱ་ཆེན་པོ་བྱུང་། དགོན་པ་ཀུན་བཟང་གླིང་དང་། པདྨ་གླིང་གིས་ཐོག་དྲངས་མང་དུ་བཟུང་། དེ་དུས་བསོད་ནམས་འབུམ་གྱི་སྲིང་མོ་ཆོས་ལ་ཡོང་ནས། རབ་བྱུང་ཨ་ཎེར་ཡོད་པ་ལ། ཚུར་ཐར་པ་གླིང་དུ་ཡོང་དུས་མོ་ཡང་རྗེས་སུ་འབྲངས་ནས་ཡོང་པ་དང་། ཐར་པ་གླིང་དུ་མོ་ནང་གཡོག་ལ་བཞག་པས། དེ་དུས་དྲི་མེད་འོད་ཟེར་ང་ཡང་། ཕྱི་དགེ་སློང་གི་ཆ་ལུགས་ལ། ནང་གསང་སྔགས་ཀྱི་རྣལ་འབྱོར་པ་རུ་འདུག་པས། ཨ་ནེ་མ་དེ་ལ་མིས་མ་ཚོར་བ་གསང་ཡུམ་བསྟེན་པ་དང་། དུས་ནམ་གཅིག་མོའི་ལུས་ལ་ཁྱེའུ་ཞིག་ཆགས་པར་གྱུར་ཏེ། ཨ་ནེ་ན་རེ། ཆོས་རྗེ་རིན་པོ་ཆེ་ངའི་ལུས་ལ་སེམས་མི་བདེ་བ་ཞིག་བྱུང་ཅི་འདྲ་བྱས་ན་དྲག་ཟེར་བས། ཆོས་རྗེ་ན་རེ། དེ་འདྲ་མ་བྱུང་ན་དྲག་པ་ཡིན་ཏེ། ད་བྱུང་བ་ལ་སེམས་མི་དགའ་བ་མ་བྱེད་ཅིག །རྟིང་ལ་ང་རང་གི་སེམས་ཚིས་བྱེད། མིའི་སྔོན་དུ་མར་རྒན་དང་གྲོས་བསྟུན་ནས་ཁོའི་ཡིན་པ་རུ་བྱེད་དོ་བྱས་ནས། རིན་གྲགས་ཁྱོད་ཀྱིས་ཡིན་པར་གྱིས་ཤིག་བྱས་ནས་མངག་གཞུག་བྱས་སོ། ། དེ་ནས་ཨ་ནེ་ལ་བུ་མོ་ཞིག་བཙས་པ་དང་། མར་གན་རིན་གྲགས་ཀྱིས་ངའི་ཡིན་ནོ་ཞེས་བདག་རྐྱེན་བྱས། ཡང་བུ་མོ་དེ་ལོ་ལྔ་ལོན་པ་དང་། ཨ་ནེ་ལ་སྔར་བཞིན་ལུས་མི་བདེ་བ་བྱུང་བས། དེའི་དུས་འོད་གསལ་རང་གྲོལ། ཁྱབ་བརྡལ་ལྷུན་གྲུབ་གཉིས་ཀྱིས་གཙོ་བྱས་པའི་གྲྭ་པ་རྣམས་དགེ་སློང་ཚུལ་དུ་ཡོད་པས། ཁོང་ཚོ་ན་རེ། ཨ་ནེ་དང་མར་རྒན་གྱིས་ལེགས་པོ་རང་མི་བྱེད་པར་འདུག །སྔར་ཡང་བུ་མོ་དེ་བྱུང་། ད་རུང་ཡང་མོ་ལ་ལུས་མི་བདེ་བ་འདུག་པས། གཟིམ་ཁང་དུ་སྐྱེ་རུ་མ་བཅུག་པ་དྲག་བྱས། ངེད་རང་ལ་ཡང་མི་ཁ་ཆེན་པོ་ཡོང་། དཀོན་མཆོག་རྣམས་ཀྱང་མི་དགྱེས། ཞེས་གྲྭ་པ་རྣམས་ཀྱིས་ཆོས་རྗེའི་དྲུང་ཞུས་པ་དང་། ཆོས་རྗེ་དྲི་མེད་པའི་ཞལ་ནས། ཨ་ནེ་དང་རིན་གྲགས་གཉིས་ལ་གསང་བའི་ངང་ནས། གྲོས་ཀྱིས་བསྒོ་བ་འདི་ལྟར་དུ་བྱས་སོ། །ཁྱོད་ཀྱི་ཨོ་ལོ་ནམ་སྐྱེ་བའི་དུས་སུ། ས་ཕྱོགས་གཞན་ཞིག་ཏུ་སྐྱེས་པ་གྱིས་ཤིག །ངས་ཁྱེད་རང་གཉིས་པོའི་དོན་གང་དགོས་པ་བྱེད་གསུང་བའི་མངག་གཞུག་བྱས། དེ་ནས་ཞག་ཁ་ཡར་གཅིག་ལ་ཨ་ནེ་ན་བ་དང་། ཁོང་གྲྭ་པ་རྣམས་ཀྱིས་ཨ་ནེ་ལ་འདི་སྐད་བྱས། ཨ་ནེ་ཁྱོད་སྔར་ཡང་བུ་མོ་ཞིག་སྐྱེས། མི་ཁ་ཆེན་པོ་བྱུང་། ད་རེས་ནག་ཚང་དུ་བསྡད་པས་མི་ཡོང་། ཁྱོད་རང་གཞན་ཞིག་ཏུ་སོང་བྱས་ནས་བཏོན། ཐར་པ་གླིང་གི་ཤར་ལྷོའི་མཚམས་ཀྱི་ནགས་གསེབ་ཏུ་བསྐྱལ། ནགས་གསེབ་ཏུ་བསྡད་དུས་བུ་ཞིག་སྐྱེས་པ་དང་། དྲི་མེད་འོད་ཟེར་གྱིས་ཞལ་ནས། རིན་གྲགས་ཁྱོད་སོང་། ཨོ་ལོ་དེ་ཚིས་ལེགས་པོ་གྱིས་ཤིག །ནམ་ཞིག་སེམས་ཅན་གྱི་དོན་བྱེད་པ་ཡོང་པར་འདུག་བྱས་པ་དང་། རིན་གྲགས་དང་ཨ་ནེ་གཉིས་ནགས་གསེབ་ཏུ་སྡོད་དུས། དེར་མི་ཁ་མ་དྲོ་ཚོས་དེར་ཕྱིན་ནས་སྨྲས་པ། ཁྱེད་གཉིས་ཀྱི་ཆོས་རྗེ་དཔོན་སློབ་ལ་གཡོག་གོ་ཆོད་པ་གང་ཡང་བྱས་ཏེ། ད་ལྟ་སྒོར་བཏོན་ནས་ནགས་གསེབ་ཏུ་བསྐྱལ་བ་མ་ལེགས། ཁྲེལ་ཆུང་བ་ལ་ཨ། ནག་ཚང་དུ་མ་བཞག་ཀྱང་། ཟུར་ཁྱིམ་གཞན་ཞིག་ཏུ་བཞག་པས་ཆོག་ན་ལ་ཟེར་བ་བྱུང་བ་དང་། ཨ་ནེའི་བསམ་པ་ལ་བདེན་བསམས་ནས། ངའི་བུ་དང་བུ་མོ་གཉིས་ནི་ཆོས་རྗེ་རང་གིས་བྱས་པས། མི་ཁ་ཆེན་པོ་ཡང་བྱུང་། ཨ་ནེས་གསང་མ་ཐུབ་པ་དང་། ཨ་ནེ་ལ་ཐུགས་མ་དགྱེས་པར་བོད་ལ་བྱོན། བསམ་ཡས་མཆིམས་ཕུར་བཞུགས་དུས། མཁའ་འགྲོའི་བསུ་བ་ཡང་མང་དུ་བྱུང་། དེ་དུས་གཞན་དོན་ལ་གཤེགས་པར་དགོངས་ནས། ཁྱབ་བརྡལ་ལྷུན་གྲུབ་ལ། ཞལ་ཆེམས་འདི་ལྟར་དུ་བཞག །ཁྱོད་ཀྱིས་བུམ་ཐང་དུ་སོང་ལ་ངའི་བུ་སྲས་གྲགས་པ་འོད་ཟེར་ལ། རྫོགས་པ་ཆེན་པོའི་བཀའ་ལུང་རྣམས་རྫོགས་པར་གྱིས་ཤིག །ངེད་རང་གཉིས་པོའི་གྲོས་ཡིན་ནོ། །ཞེས་གསུངས་ནས་གཞན་དོན་ལ་གཤེགས་སོ། །ཞེས་ཀུན་མཁྱེན་ཆེན་པོ་སྲས་ཡོད་པར་གསལ་བར་མ་གསུངས་སམ་ཞེ་ན། རྣམ་ཐར་དེ་ནི་བསླད་ཅན་ཏེ། དེ་ལས། ཐེག་མཆོག་མཛོད། མན་ངག་མཛོད། ཆོས་དབྱིངས་མཛོད། གྲུབ་མཐའ་མཛོད། ཐལ་གྱུར་མཛོད། སྙེན་ལུང་མཛོད། ཤིང་རྟ་མཛོད། མཛོད་བདུན་དང་། ཞེས་མཛོད་བདུན་གྱི་མཚན་སྨྲོས་ཚུལ་གྱིས་ཀྱང་བསླད་ཅན་ཞིག་ཡིན་པར་ཤེས་ནུས་སོ། །དེས་ན་ཀུན་མཁྱེན་བླ་མ་ལ་བུམ་ཐང་ཐར་བ་གླིང་དུ་བཞུགས་སྐབས། ཉེ་མིན་གྱི་བུད་མེད་ཅིག་ཞབས་ཕྱི་བར་བཞག་པས་ཁ་ཟེར་བ་ཞིག་བྱུང་བ་ལ། དེ་གཞན་གྱིས་རང་རྣམ་དུ་བསྣན་ནས་བྲིས་པ་ཡིན་ཆོག་སྟེ། སྔོན་པདྨ་བཀའ་ཐང་སོགས་ལ་དམིགས་ཡུལ་གང་རུང་གིས་ཁ་སྣོན་བྱས་པའི་ལོ་རྒྱུས་ཡོད་པ་བཞིན་ནོ།། ཀུན་མཁྱེན་ཆེན་པོ་ལྟ་བུ་ལ་ཁ་ཟེར་བ་འབྱུང་མི་སྲིད་སྙམ་ན། ཆོས་རྗེ་དམ་པ་བླ་མ་ཡིད་བཞིན་ནོར་བུས་ཀྱང་། ཀུན་མཁྱེན་ཆེན་པོ་ལ་བུམ་ཐང་ནས་ཁ་ཟེར་བ་ཕོག་སྟེ། བསམ་ཡས་སུ་ཕེབས་དགོས་བྱུང་བ་རེད་ཅེས་གསུངས་པར་ཐོས་ཤིང་། གསང་ཕུ་ནེའུ་ཐོག་ཏུ་ཡང་། ཁམས་པའི་བན་དེ་རྣམས་ཀྱིས་བཞུགས་མ་བཅུག་པར་འབྱོན་དགོས་ཐུག་པ་ལྟ་བུ་རེད། རྒྱུ་མཚན་གཞན་ཡང་སྐྱིད་པ་ལགས་ལ་བུ་གཅིག་ལས་མེད་པར། སྐྱིད་པ་ལགས་ཀྱི་སྲས་སངས་རྒྱས་དབོན་པོ་ཉིད་ཀྱིས་གསུངས་ཏེ། བི་མ་སྙིང་ཐིག་ཏུ་བཞུགས་པའི་འཁྲུལ་ཞིག་སངས་རྒྱས་དབོན་པོའི་རྣམ་ཐར་ལས། ཕ་དགེ་བསྙེན་པདྨ་སྐྱབས་བྱ་བ་དང་། མ་འབྲོམ་མོ་སྐྱིད་པ་ལེགས་ཞེས་བྱ་བའི་བུར་སྐྱེས་ནས། བུ་ཁོ་བོ་གཅིག་པུ་ལས་མེད་པའི་སྟབས་ཀྱིས་ཆོས་སྒོར་མི་འཇུག་ཅིང་། འཇིག་རྟེན་གྱི་བྱ་བ་ལ་འཇུག་བསམ་པ་ཡོད་ན་ཡང་། ཞེས་བུ་ཁོ་བོ་གཅིག་པུ་ལས་མེད་པར་གསུངས་པ་དང་། བདག་གི་མ་རྒན་མོ་ཡང་གཅོང་ནད་དྲག་པོ་ཞིག་གིས་ཟིན་ནས། ཟླ་བ་དྲུག་ཙམ་གྱི་བར་དུ་ནད་པ་སྐ་རགས་ཅན་ཉམ་ཐག་པ་བྱུང་ཞིང་། དེ་ནས་ཟླ་བ་བདུན་གྱི་བར་དུ་ གདན་ལ་འབྱར་ནས ་བསྒུལ་བསྐྱོད་ལ་སོགས་པ་གང་ཡང་མི་ཤེས་པ། ཁ་རུ་སིང་པོ་ཕྱེ་བཏབ་པ་ཧུབ་རེ་མ་གཏོགས་པ་གང་ཡང་མི་འགྲོ་བ། དེ་ཡང་འཐུང་མི་ཤེས་པར་ཁོ་བོས་སྙུག་སྦུབས་རིང་པོ་བཅས་ནས། དེ་ཁར་བཅུག་ནས་བྱིན་པས་ཤེས་ཙམ་བྱུང་། དེའི་དུས་སུ་ངེད་རང་ལ་སྤུན་ཟླ་དང་ཨ་ལྕེ་སྲིང་མོ་མེད་པར་མི་གཅིག་པོ་ལག་གཅིག་ཏུ་སོང་བས། ཞེས་སྤུན་ཟླ་དང་ཨ་ལྕེ་སོགས་གང་ཡང་མེད་པར་མི་གཅིག་པུ་ཡིན་པར་གསུངས་པ་དང་། འོ་ན་དེ་ཉིད་ལས། ཀུན་མཁྱེན་བླ་མ་ཞིང་གཤེགས་ཁར་དྲུང་དུ་བཞུགས་པ་རྣམས་ཀྱིས་ཞལ་ཏ་ཐུགས་རྗེས་འཛིན་པར་ཞུ་ཞུས་པས། ཞལ་ཏ་མང་པོས་ཅི་བྱེད། དངོས་པོ་གང་འདུག་གི་མངའ་མི་མོ་སྐྱིད་པ་ལགས་ཞེས་པ་འདི་ལ་སྤྲུལ་སྐུ་གྲགས་པ་འོད་ཟེར་བ་འཁྲུངས་རྒྱུ་ཡིན་པས། བྱེད་པ་ཡིན་མོད་གསུངས་ནས་ཞལ་ཏ་གཞན་མ་གནང་ཞིང་། ལར་ཁྱེད་ཚོའི་ལྷག་བྱུང་ན་སྐྱིད་པ་ལགས་ལ་ཉེར་ལེན་གཅིག་ལྟོས་གསུངས་པ་ཅི་ཞེ་ན། དེ་ནི་སྐྱིད་པ་ལགས་ཀྱིས་ཁོང་གི་ཞབས་གཡོག་ཡུན་རིང་བྱས་པའི་རྒྱུ་མཚན་གྱིས་ཏེ། ལུགས་གཉིས་གང་ཐད་ནས་ཀྱང་དེ་ལྟར་གསུངས་རིགས་སོ། །པད་གླིང་རང་རྣམ་མ་དག་པ་དེ་ཁུངས་སུ་བྱས་ནས་པད་གླིང་ཐུགས་སྲས་ལྔ་པ་ཀུན་བཟང་འགྱུར་མེད་མཆོག་གྲུབ་དང་། པད་གླིང་སྐུ་ཕྲེང་བརྒྱད་པ་ཀུན་བཟང་བདེ་ཆེན་རྡོ་རྗེ་དང་། རྟོགས་ལྡན་གསེར་སྡིངས་པ་བློ་བཟང་ཉི་མ་དང་། འགོས་ལོ་ཙ་བ་སོགས་མཁས་པ་དུ་མས་དེ་ལྟར་བཤད་དོ། །འོན་ཀྱང་གུ་བཀྲའི་ཆོས་འབྱུང་དང་། ཞེ་ཆེན་རྒྱལ་ཚབ་ཆོས་འབྱུང་སོགས་སུ། ཆོས་རྗེ་ཀུན་མཁྱེན་ཆེན་པོ་ཉིད་ལྷུན་གྲུབ་འོད་གསལ་ཚད་ཕེབས་ཀྱི་སྣང་བ་འབྱམས་ཀླས་པའི་ཕྱིར་ལོངས་སྐུའི་ཞིང་མྱུལ་ཞིང་། དེ་ལས་འགྲོ་བ་འདུལ་བའི་སྤྲུལ་པའི་སྐུ་སྲས་ཀྱི་ཚུལ་དུ་ཤར་བར་གསུངས་ལ། འགའ་རེས་ཐུགས་སྲས་ཡིན་པར་ཡང་བཤད་དོ། །
ཞེས་༢༠༢༤-༩-༢༩སྟེ་བོད་རབ་རྒྱན་ཤིང་འབྲུག་ལོའི་ཟླ་༧པའི་ཚེས་༢༨ཉིན་གདོན་མའི་མགོན་པོ་གང་གི་སྐྱབས་འོག་པ་ནམ་མཁའ་མཐའ་ཡས་ནས།