འབྲི་གུང་མཁའ་འགྲོའི་ཞབས་བརྟན་སྨོན་ཚིག མཁན་ཆེན་འཆི་མེད་རིག་འཛིན།

文化   2024-10-24 16:21   西藏  

མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་རོལ་འབྲི་གུང་མཁའ་འགྲོ་མཆོག་གི་ཞབས་བརྟན་སྨོན་ཚིག་འཆི་མེད་རིག་འཛིན་གྲུབ་པའི་སྒྲ་དབྱངས།
མཛད་པ་པོ། མཁན་ཆེན་འཆི་མེད་རིག་འཛིན།

མགུར་མཁན། རིན་ཆེན་རྣམ་རྒྱལ།


ངོ་མཚར་ཚེ་ཡི་བདུད་རྩིའི་བུམ་པ་ན།། 
སྲོག་གི་དྭངས་བཅུད་འཛིན་པ་འོད་མཐའ་ཡས།། 
འཆི་མེད་རྔ་སྒྲའི་རྒྱལ་པོར་གསོལ་བ་འདེབས།། 
བསྟན་འཛིན་ཆོས་ཀྱི་སྒྲོན་མེ་ཞབས་བརྟན་ཤོག །

ལྷོ་ནུབ་པད་མ་འོད་ཀྱི་ཕོ་བྲང་གི།།
ལྔ་ལྡན་འཇའ་ཟེར་འཁྲིགས་པའི་གུར་ཁང་ན།།  
འཕོ་ཆེན་འོད་ལུས་གྲུབ་པ་ཨོ་རྒྱན་རྗེས།། 
རིག་འཛིན་མཁའ་འགྲོའ་ིསྐུ་ཚེ་བསྲིང་བར་མཛོད།།

སྲས་བཅས་རྒྱལ་བའི་མཁྱེན་པའི་ཡེ་ཤེས་ཀྱིས།། 
འདི་ཞེས་བརྗོད་པའི་ཐ་སྙད་མ་དམིགས་པའི།། 
ལྷན་སྐྱེས་དོན་གྱི་མཁའ་འགྲོར་གསོལ་བ་འདེབས།། 
འབྲལ་མེད་འགྲོག་པའི་ཁྱེད་ཞལ་མཇལ་བར་ཤོག །

གཡུ་ལོ་བཀོད་སོགས་མཁའ་སྤྱོད་ཞིང་ཁམས་ན།། 
རིག་འཛིན་རྣམ་བཞིའི་ས་ལ་དབང་བསྒྱུར་བའི།། 
སྔགས་སྐྱེས་ལོངས་སྐུའི་མཁའ་འགྲོར་གསོལ་བ་འདེབས།།

དམ་ཆོས་སྒྲུབ་པའི་བར་ཆད་དབྱིངས་སུ་སོལ།། 
མི་དང་མི་མིན་འཇིག་རྟེན་དུ་མ་ན།། 
གཤིས་འཇམ་ཤེས་རབ་རིག་པའི་རྩལ་ཁ་རྒྱས།།
 ཞིང་སྐྱེས་རིག་བཟང་མཁའ་འགྲོར་གསོལ་བ་འདེབས།།

འཕྲིན་ལས་རྣམ་བཞི་སྒྲུབ་པའི་སྡོང་གྲོགས་མཛོད།།  
པདྨས་བྱིན་བརླབས་གངས་ཅན་ཡུལ་དབུས་ན།། 
ཡེ་ཤེས་ཌཱ་ཀིའི་རྣམ་རོལ་འགྲོ་བའི་མགོན།། 
མཁའ་འགྲོའ་ིགཙོ་མོ་ཁྱེད་ལ་གསོལ་བ་འདེབས།།

བྱིན་རླབས་ཉི་མའི་འོད་ཀྱིས་རྟག་ཏུ་སྐྱོངས།།  
སྲིད་པ་འདི་ལ་མེ་ཡི་འོབས་སུ་མཐོང་།། 
མཁའ་སྤྱོད་ཞིང་གི་སྐྱེད་ཚལ་ཐུགས་ལ་ཤར།། 
ཆུང་ནས་བཟུང་སྟེ་དམ་པའི་བག་ཆགས་སད།། 
བསྟན་འཛིན་ཆོས་ཀྱི་སྒྲོན་མེ་ཞབས་བརྟན་ཤོག ། 

ལྷ་ཆོས་འདི་ལ་ཡིད་བཞིན་ནོར་བུར་ཤེས།། 
དམ་པའི་མགོན་ལས་གདམས་ངག་བདུད་རྩི་བླངས།།
དབེན་པའི་རི་ལ་སྒྲུབ་པའི་རྒྱལ་མཚན་བཙུགས།། 
བསྟན་འཛིན་ཆོས་ཀྱི་སྒྲོན་མེ་ཞབས་བརྟན་ཤོག །

སྒྱུ་ལུས་འདི་ལ་ཡེ་ཤེས་རྩི་ཡིས་ཐེབས།། 
ཉི་ཟླའི་རྒྱུ་བ་སྒྲ་གཅན་དབྱིངས་སུ་དག། 
དགའ་བཞིའི་འགྲོས་ཀྱིས་རིག་འཛིན་ཐེམ་སྐས་བགྲོད།།

བསྟན་འཛིན་ཆོས་ཀྱི་སྒྲོན་མེ་ཞབས་བརྟན་ཤོག ། 
ལྟ་བ་འདི་ལ་གོམས་པ་ཚད་དུ་ཕྱིན།། 
གནས་ཡུལ་རིག་འཛིན་མཁའ་འགྲོའ་ིཁྲི་ལ་དབང་།།
མི་དང་མི་མིན་བར་གྱི་གསང་ལམ་ཤེས།། 
བསྟན་འཛིན་ཆོས་ཀྱི་སྒྲོན་མེ་ཞབས་བརྟན་ཤོག །

བསྐྱེད་རྫོགས་འདི་ལ་བརྟན་པ་མཆོག་ཏུ་ཐོབ།། 
འབྱུང་འགྱུར་ཤེས་བྱ་གཟིགས་པའི་སྤྱན་གཅིག་རྙེད།།
ཡེ་ཤེས་མཁའ་འགྲོའ་ིབརྡ་ཡི་ལུང་ལ་དབང་།། 
བསྟན་འཛིན་ཆོས་ཀྱི་སྒྲོན་མེ་ཞབས་བརྟན་ཤོག །

ཟབ་གཏེར་འདི་ལ་སྨོན་ལམ་གཏད་རྒྱ་སད།། 
པདྨས་གནང་བའི་རིན་ཆེན་སྒྲོམ་བུ་མང་།། 
གསང་ཆེན་རྒྱུད་སྡེའི་ཆོས་ཀྱི་མཛོད་ལ་དབང་།། 
བསྟན་འཛིན་ཆོས་ཀྱི་སྒྲོན་མེ་ཞབས་བརྟན་ཤོག །

 རྟེན་འབྲེལ་འདི་ལ་གང་འདོད་ཕྱག་རྒྱས་བཏབ།། 
སྣོད་བཅུད་དགེ་མཚན་ཡར་ཟླའི་མཆེད་དུ་སྤེལ།། 
མཁས་གྲུབ་སྐྱེས་ཆེན་དུ་མའི་སྐུ་ཚེ་བསྲིངས།། 
བསྟན་འཛིན་ཆོས་ཀྱི་སྒྲོན་མེ་ཞབས་བརྟན་ཤོག །

དམ་ཆོས་འདི་ལ་ཕྱི་ནང་འགལ་རྐྱེན་མང་།། 
དད་གུས་གདུང་བས་རྟག་ཏུ་གསོལ་འདེབས་ན།། 
མཁར་ཆེན་མཁའ་འགྲོའ་ིརྣམ་རོལ་སྤྲུལ་པའི་སྐུ།།
བསྟན་འཛིན་ཆོས་ཀྱི་སྒྲོན་མེ་ཞབས་བརྟན་ཤོག །

སྐྱེ་འཆི་འདི་ལ་མཆོག་ཁྱེད་རང་དབང་འབྱོར།། 
དག་པའི་ཞིང་ལ་ཐུགས་འདུན་མི་སྔ་བར།། 
ང་ཅག་སྐྱེ་འགྲོའ་ིམགོན་དུ་ཡུན་ནས་ཡུན།། 
བསྟན་འཛིན་ཆོས་ཀྱི་སྒྲོན་མེ་ཞབས་བརྟན་ཤོག །

སྐུ་ཚེ་འདི་ལ་མཁའ་འགྲོའ་ིཞིང་མཆོག་ནས།། 
ཕེབས་པའི་ཐུགས་བཞེད་མཐའ་དག་ཡིད་བཞིན་གྲུབ།།
བསྟན་དང་འགྲོ་བའི་དཔལ་མགོན་དམ་པ་རུ།། 
བསྟན་འཛིན་ཆོས་ཀྱི་སྒྲོན་མེ་ཞབས་བརྟན་ཤོག །

སེམས་རྒྱུད་འདི་ལ་བླ་མའི་བྱིན་རླབས་ཞུགས།།
གནས་ཡུལ་འདི་ལ་བཀྲ་ཤིས་བྱིན་གཡང་ཆགས།།
དཔོན་སློབ་འདི་ལ་ནམ་ཡང་འབྲལ་བ་མེད།། 
ལུས་རྟེན་འདི་ལ་གདོད་མའི་སར་ཕྱིན་ཤོག །

ཅེས་པ་འདི་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་སོགས་སྐྱེས་ཆེན་དུ་མས་མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་རོལ་ཏུ་བསྔགས་པའི་རིག་པ་འཛིན་མ་ཆེན་མོ། འབྲི་གུང་མཁའ་འགྲོའ་ིཞབས་བརྟན་སྨོན་ཚིག་ཏུ། རྗེ་གང་གི་ཉེ་བར་གནས་པ་གྲྭ་གཞོན་ནུའི་ཐུགས་བཞེད་དང་། རང་ཉིད་ཀྱིས་ཀྱང་དད་གུས་དང་རྟེན་འབྱུང་དགེ་བའི་སྨོན་ལམ་བཟང་པོས་མཚམས་སྦྱར་ཏེ། ཚེ་ལ་དབང་བའི་གྲུབ་བརྙེས་ཀྱི་རིག་འཛིན་དམ་པ་ཐང་སྟོང་རྒྱལ་པོས་བྱིན་གྱིས་བརླབས་པའི་གནས་མཆོག མདོ་རྡོ་རྗེ་བྲག་ནས་འཆི་མེད་རིག་འཛིན་གྱིས་སྨྲས་པ་གཞན་ལ་ཡི་གེར་ཕབ་ཏུ་བཅུག་སྟེ།བཀྲ་ཤིས་པའི་ལྷ་རེག་བཅས་ཕུལ་བ་རྗེ་བཙུན་མ་གང་ཉིད་སྐུ་ཚེ་ཡུན་དུ་བརྟན་ཞིང་འཕྲིན་ལས་ཕྱོགས་མཐར་རྒྱས་པའི་རྒྱུར་གྱུར་ཅིག། ༢༠༢༡、 ༥、 ༡༠

阿魄羊倌
འདིར་འབྲེལ་བ་གྱིས་དང་། ཁྱོད་ལ་མཁོ་བའི་རིག་དངོས་ཀྱིས་སྒུག་ནས་ཡོད་ངེས།
 最新文章