རྒྱུ་ལྷག་གམ་རྒྱུ་མ་དྲང་སྲོང་གི་ནད་ཇི་ལྟར་སྔོན་འགོག་བྱ་དགོས།
དྲིལ་སྒྲོག་པ། ཆོས་དཔལ་བཟང་པོ།
如何预防阑尾炎的发生?
宣讲者:邱华绒吾
སྤྱིར་སྔོན་འགོག་གླེང་བའི་སྐབས་སུ་ནད་དེ་མ་ཕོག་སྔོན་གྱི་སྔོན་འགོག་དང་། ནད་དེ་ཕོག་རྗེས་བསྡོངས་ནད་གཞན་མི་འབྱུང་བའི་ཆེད་དུ་སྔོན་འགོག་བྱེད་པ་གཉིས་ཀྱི་ལམ་ནས་ཞུ་དགོས་ཏེ།
དང་པོ། རྒྱུ་ལྷག་གི་ནད་མི་འབྱུང་བའི་ཆེད་དུ་རྒྱུད་འདེད་རང་བཞིན་གྱི་རྒྱུ་ལྷག་ཡོད་མེད་བརྟག་པ་དང་། ཡོད་ན། དང་པོ་ནས་ཟས་སྤྱོད་གང་རུང་ནས་ལྷག་པར་གཟབ་པ་དང་། ཕྱི་རྒྱལ་སོགས་སུ་སྔོན་འགོག་ཚུལ་གྱི་གཤག་བཅོས་བྱེད་མཁན་ཡོད་པར་མཐོང་རུང་། དེ་ལྟར་བྱ་བའི་དགོས་པ་ཆེར་མེད་པར་སྣང་།
གཉིས་པ། བཟའ་བཏུང་དབང་གིས་ནད་དེ་འབྱུང་བཞིན་ཡོད་ཕྱིན། ཤ་མར་ཐུད་གསུམ་ལ་འཛེམ་པ་དང་། མགྲེ་མངར་སྐྱུར་གསུམ་ཉུང་ཙམ་བྱེད་པ། འབྲུ་རིགས་དང་སྔོ་ཚལ་མང་ཙམ་བཟའ་བ།
གསུམ་པ། གོམས་གཤིས་ངན་པའི་དབང་གིས་ནད་དེ་ཕོག་བཞིན་ཡོད་ཕྱིན། ཞོགས་ཟས་མི་ཟ་བའི་གོམས་གཤིས་བསྒྱུར་བ་དང་། ཕྱག་དང་སྐོར་བ་རྒྱུན་འཁྱོངས་བྱེད་པ་དང་། གལ་ཏེ། དལ་བའི་རང་བཞིན་གྱི་རྒྱུ་ལྷག་ཡོད་ན། འགུལ་སྐྱོད་དྲག་པོ་མི་བྱེད་པ།
བཞི་པ། ཕོ་ཁ་དང་རྒྱུ་མའི་ནད་དང་། རིམས་ཁེགས་ནུས་པ་ཉམས་པའི་ནད་སོགས་ཡོད་ན། དེང་ཐོག་ནས་དམིགས་བསལ་གྱིས་རང་ལུས་སྲུང་སྐྱོབ་ཡག་པོ་བྱ་བ་དང་། དུས་ཐོག་ཏུ་སྨན་བཅོས་ཡང་དག་བྱ་བ།
ལྔ་པ། ལོ་ལོན་དང་བྱིས་པ། ཕྲུ་གུ་ཆུང་ཆུང་བཅས་ནི་ནད་འདི་བྱུང་ཚད་མཐོན་པོའི་རིགས་མིན་རུང་། བྱུང་ཚེ་ནད་གཞི་ཚབས་ཆེན་དུ་འགྱུར་ཉེན་ཡོད་པས་གཟབ་དགོས་ལ། བུད་མེད་ནི་ལྟོས་བཅས་ཀྱིས་རྒྱུ་ལྷག་བྱུང་སླ་བའི་མི་ཚོགས་ཀྱི་གྲས་ཡིན་པས། འགོག་བཅོས་སྲུང་གསུམ་གྱི་ཐད་ནས་སྐྱེས་པ་ལས་གཟབ་པ་གལ་ཆེ།
དྲུག་པ། གལ་ཏེ། དལ་བའི་རང་བཞིན་གྱི་རྒྱུ་ལྷག་ཅན་ཞིག་ཡིན་ན། དུས་བཅད་ལྟར་སྨན་པའི་དྲུང་དུ་སོང་ནས་བརྟག་བཤེར་བྱ་དགོས་ལ། གལ་ཏེ། གཉན་ཚད་རྒྱས་བཞིན་པ་དང་། རྣག་ཆགས་བཞིན་པའི་གནས་ཚུལ་ཡོད་ན། དུས་ཐོག་ཏུ་སྲིན་འགོག་སྨན་རྫས་སོགས་སྤྱད་ནས་བསྡོངས་ནད་གཞན་མི་མཆེད་པའི་སྔོན་འགོག་བྱ་དགོས་ལ། དགོས་ངེས་བྱུང་བའི་སྐབས་སུ་གཤག་བཅོས་སོགས་ཀྱི་སྨན་བཅོས་བྱ་ཐབས་དང་ལེན་བྱ་དགོས།