གྲྭ་ལག་མཁན་པོ་དྲི་མེད་འོད་ཟེར་གཡུ་ཁོག་བྱ་བྲལ་དང་འཕྲད་པའི་ལོ་རྒྱུས་ཀྱི་མཇུག་རྩོམ།
མཁན་ཆེན་འཆི་མེད་རིག་འཛིན་གྱིས་མཛད།
སླར་སྨྲས་པ།
དེང་སང་རང་གི་བློ་ལ་མ་ཤར་ཚེ།།
ལྷ་དང་བླ་མའི་ཐུགས་རྗེའི་རྟེན་འབྲེལ་ལས།།
བར་ཆད་རྐྱེན་བསལ་ཡོན་ཏན་མཆོག་གྲུབ་པའི།།
རྣམ་ཐར་ལོ་རྒྱུས་ལྷ་སྒྲུང་གཏམ་དུ་སྨྲ།།
རང་ལུགས་ཆོས་ཀྱི་གནད་ལ་མི་སེམས་པར།།
ཆོས་མེད་ཕྱི་གླིང་སྐྱེ་བོའི་ལུགས་སྲོལ་འགའ།།
ཤེས་ནས་མི་ཡི་ཐོབ་ཐང་མཉམ་དགོས་ཞེས།།
བླ་མར་གུས་བཀུར་བྲན་གཡོག་ལུགས་སུ་སྒྲོག།
བསྟན་པ་འདི་ཉིད་དར་ནས་ད་ལྟའི་བར།།
རྒྱ་བོད་རིག་འཛིན་གྲུབ་ཐོབ་མཐའ་དག་གི།
ཡོན་ཏན་ཆུ་བོའི་ཆུ་མགོ་བླ་མ་ལྷར།།
དད་པའི་གངས་རི་དཀར་པོ་དེ་ལ་ཐུག།
སྲིད་པའི་གངས་རིའི་འབབ་རྒྱུན་ཆད་པ་ན།།
ཡོན་ཏན་འབྲུ་དྲུག་སྙེ་མ་སྐམ་རན་པས།།
བསྟན་པའི་རྩ་བ་བརླག་ལ་གཏམ་དེ་ཚོ།།
མཆོད་རྟེན་བརྒྱ་ཕྲག་འགའ་རེ་བཤིག་ལས་ཐུ།།
ཡོན་ཏན་མ་བསླབས་རིག་པ་མ་སྦྱངས་པར།།
ཐ་མལ་སྐྱེ་བོའི་སྐྱ་དྲི་མ་ཡལ་བཞིན།།
ལས་སྨོན་དུས་བབས་མཆོག་གསུམ་ཐུཊ་རྗེའི་མཐུས།།
ངོ་མཚར་གྲུབ་པ་ཐོབ་ཚུལ་ད་དུང་མང་།།
ཆགས་ལྡན་ལུས་ཀྱི་བ་སྤུ་གཡོ་བ་ཡི།།
ཨུ་ཏྲ་ཡ་ནའི་བུ་མོའི་ཟུར་མིག་ལ།།
མཐོང་གྲོལ་ཐུབ་པའི་བྲིས་སྐུ་བརྒྱུད་ཙམ་གྱིས།།
བདེན་པ་མཐོང་བའི་གཏམ་དེ་གསར་བྱུང་མིན།།
ལོ་མང་ཉལ་བའི་སྡོང་རྒན་རུལ་པོའི་སྟེང་།།
འདབ་རྒྱས་སྒེག་པའི་པདྨོ་འཛུམ་པ་བཞིན།།
སྤྲང་འཁྱམ་རྒས་འཁོག་མི་ཕམ་མགོན་པོ་ལ།།
ཀློང་སྡེའི་རྟོགས་པ་འཁྲུངས་བ་བྱིན་རླབས་མཐུ།།
མི་ལ་རས་པ་རང་གིས་མ་མཁྱེན་པའི།།
རིང་ནས་བཏབ་པའི་ས་བོན་རློན་པ་ཞིག།
སྒྲ་བསྒྱུར་མར་པའི་མཚན་ཙམ་ཐོས་པའི་ཚེ།།
ཐ་མལ་རྟོག་པ་འགག་པའི་གསེབ་ན་གབ།།
སྐྱེ་སྔོན་ལས་ཀྱི་གོམས་ཤུགས་རེ་རེས་མཐུས།།
ཚེ་འདིར་སྐྱེ་བོ་ཕལ་དང་མི་མཚུངས་པར།།
སྡིག་སྒྲིབ་རྐྱེན་ངན་བར་ཆད་དུ་མའི་ཁྲོད།།
ཚེགས་མེད་གྲུབ་བརྙེས་རྣམ་ཐར་མང་བསམ་ཚེ།།
དེ་ལས་ལྡོག་སྟེ་ཐ་མལ་སྐྱེ་བོ་འགས།།
འདི་ཕྱིར་དགེ་བའི་ལས་ལ་རྟག་འབད་ཀྱང་།།
ལས་ཀྱི་མཐའ་ལོག་སྡུག་བསྔལ་དུ་མ་ཡིས།།
དབང་མེད་མནར་དེའང་སྔོན་བྱས་ལས་སུ་གོ།
ད་དུང་རྟོགས་པའི་བཙན་ས་མ་ཟིན་ཡང་།།
བརྒྱུད་གསུམ་བླ་མའི་གདུང་འཚོབ་རིག་འཛིན་རྗེའི།།
ཐུགས་རྗེའི་ན་བཟའ་དཀར་པོའི་གྲལ་མཐའ་ལ།།
ཟིན་ཚེ་དད་པའི་སྤར་ཁ་མ་ལྷོད་དང་།།
གཉོམ་ཆུང་མྱུ་གུ་རྡོ་ཡིས་མནན་ན་ཡང་།།
སྟོབས་ལྡན་ཡལ་ག་ཟུར་ནས་རྒྱས་པ་བཞིན།།
གོམས་པའི་བག་ཆགས་ལྐོགས་ནས་སད་པ་ན།།
ཐུགས་རྗེའི་ཉི་མ་སྙིང་གི་དཀྱིལ་ནས་འཆར།།
དེ་ལྟར་གདོད་མའི་མགོན་པོ་གཡུ་ཁོག་པའི།།
འགྲོ་འདུལ་ཐབས་མཁས་མཛད་པ་རྒྱ་མཚོ་ལས།།
འབད་པས་བཙལ་བའི་ལོ་རྒྱུས་ཉུང་ངུ་འདི།།
ཉམས་ཀྱིས་ཕངས་ནས་ཡི་གེའི་རིས་སུ་སྤེལ།།
འདིར་འབད་དགེ་བས་གསོལ་འདེབས་སློབ་བུ་ལ།།
འདོད་དགུའི་རེ་བ་སྩོལ་བའི་ཡིད་བཞིན་ནོར།།
མཚུངས་མེད་བླ་མ་དེ་ཡི་ཐུགས་རྗེ་ཡིས།།
རྟག་ཏུ་འབྲལ་མེད་སྐྱོང་བའི་རྒྱུར་གྱུར་ཅིག།
ཅེས་པ་འདི་ཡང་སྤྲུལ་པའི་སྐུ་མཆོག་དམ་པ་གང་གི་གསུང་བཟང་གཏམ་གྱི་སྙིང་པོ་ལ་མགོ་མཐའི་ཚིག་འགའ་རེས་བརྒྱན་ཏེ་འཆི་མེད་རིག་འཛིན་གྱིས་ཆོས་ཀྱི་གྲོགས་པོ་སྦྱིན་པ་བཀྲ་ཤིས་ལ་ཡི་གེར་ཕབ་ཏུ་བཅུག་པ་དགེ། །།
ཞེས་གསུངས་སོ།།