སྔགས་ཀྱི་རྒྱལ་སྲས་ལག་ལེན་བཞུགས་སོ། ། ཀུན་མཁྱེན་རྟོན་པ་བཞི་ལྡན།

文化   2024-10-31 17:17   西藏  

སྔགས་ཀྱི་རྒྱལ་སྲས་ལག་ལེན་བཞུགས་སོ། །
མཛད་པ་པོ། ཀུན་མཁྱེན་རྟོན་པ་བཞི་ལྡན།

བླ་མ་དང་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །


རྒྱལ་བའི་སྲས་ཀྱིས་ལག་ལེན་འགའ་ཞིག་ནི། །

འདིར་བརྗོད་གྱུར་ནས་བདག་སོགས་མ་རིག་བློ། །

རབ་རིབ་ཀུན་སེལ་ཡེ་ཤེས་སྒྲོན་མེའི་མཆོག །

མར་མེ་སྣང་མཛད་དེ་ལ་ཕྱག་འཚལ་ལོ། །


ཡང་དག་ལྟ་དང་བྲལ་ནས་དགེ་བས་ཀྱང་། །

རྫོགས་པའི་བྱང་ཆུབ་ཐོབ་པ་མི་སྲིད་པས། །

གནས་ལུཊ་འཁྲུལ་ལུཊ་འཁྲུལ་སྤོང་ཐབས་མཆོག་ཀུན། །

རྟོགས་པར་བྱེད་པ་རྒྱལ་སྲས་ལག་ལེན་ཡིན། །


དམ་ཚིག་ཉམས་ན་དངོས་གྲུབ་མི་ཐོབ་ཅིང་། །

རྡོ་རྗེ་དམྱལ་བར་གཏན་དུ་བསྲེག་འགྱུར་བས། །

རང་གི་ལུས་སྲོག་བས་ཀྱང་གཅེས་པར་ནི། །

དམ་ཚིག་བསྲུང་བ་རྒྱལ་སྲས་ལེན་ཡིན། །


སྲོག་ཐུར་ཉི་ཟླའི་རླུང་རྣམས་མ་འགགས་ན། །

གཟུང་འཛིན་རྣམས་རྟོག་འགག་པ་མི་སྲིད་ཅིང་། །

འགྱུར་མེད་བདེ་ཆེན་ཐོབ་པ་མི་སྲིད་པས། །

བྱེད་བཅིང་སྒོམ་པ་རྒྱལ་སྲས་ལག་ལེན་ཡིན། །


རླུང་སེམས་འཕོ་བའི་བག་ཆགས་མ་འགགས་ན། །

ཞུ་བདེ་འགྱུར་མེད་རྫོགས་པ་མི་སྲིད་ཅིང་། །

རང་བཞིན་ལྷན་སྐྱེས་ཐོབ་པ་མི་སྲིད་པས། །

སྦྱོར་དྲུག་སྒོམ་པ་རྒྱལ་སྲས་ལག་ལེན་ཡིན། །


རྡོ་རྗེའི་ཚིག་གི་མདུད་པ་མ་བགྲོལ་ན། །

རྒྱུད་སྡེ་ཟབ་མོའི་ངེས་དོན་མི་སྙེད་ཅིང་། །

མདོ་མཆོག་རྣམས་ཀྱི་དགོངས་པ་མི་ལོན་པས། །

སེམས་འགྲེལ་སློབ་པ་རྒྱལ་སྲས་ལག་ལེན་ཡིན། །


ལས་ཀྱི་རླུང་རྣམས་དབུ་མར་མ་ཚུད་ན། །

ལྟེ་བའི་གཏུམ་མོ་འབར་བ་མི་སྲིད་ཅིང་། །

སྤྱི་བོའི་ཧཾ་ཡིག་ཞུ་བ་མི་སྲིད་པས། །

ཉི་ཟླ་འཆིང་བ་རྒྱལ་སྲས་ལག་ལེན་ཡིན། །


ཐིག་ལེ་འཆིང་བའི་ཐབས་དང་མི་ལྡན་ན། །

ལུས་སེམས་བདེ་བས་གང་བ་མི་སྲིད་ཅིང་། །

དགའ་བཞི་སྐུ་བཞི་ཐོབ་པ་མི་སྲིད་པས། །

འཛག་མེད་བསྟེན་པ་རྒྱལ་སྲས་ལག་ལེན་ཡིན། །


ལྟོས་མེད་རྣམ་བཞིས་རང་རྒྱུད་ལེགས་སྦྱངས་ནས། །

ཚད་མེད་རྣམ་ཐར་རྡོ་རྗེའི་རྣལ་འབྱོར་བཞི། །

བསྙེན་བསྒྲུབ་རྣམ་བཞི་ཉིན་དང་མཚན་དུ་ནི། །

རྒྱུན་དུ་བསྒོམ་པ་རྒྱལ་སྲས་ལག་ལེན་ཡིན། །


ཅེས་པ་རྟོན་པ་བཞི་ལྡན་གྱི་སྦྱར་བའོ། །  བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག   མངྒ་ལཾ་བྷ་ཝན་ཏུ།


阿魄羊倌
འདིར་འབྲེལ་བ་གྱིས་དང་། ཁྱོད་ལ་མཁོ་བའི་རིག་དངོས་ཀྱིས་སྒུག་ནས་ཡོད་ངེས།
 最新文章