འབྲུག་སྨྱོན་ཀུན་དགའ་ལེགས་པའི་ཞལ་གདམས།
འབྲུག་པ་སྨྱོན་པ་ཀུན་དགའ་ལེགས་པའི་མིང་ཅན་གྱི་ཁ་ལ་ཉན་ན་འདི་ལྟར་བཤད་རྒྱུ་ཡོད། འཇིག་རྟེན་འདི་དང་ཕྱི་མའི་འདུན་མ་མི་མཐུན་པ་བཞིན་དུ་བསྟུན་པའི་མི་རྣམས་གསན་པ་ཞུ། དེ་ལ་ཚེ་འདི་བསྒྲུབས་ན་ནི། ཆོས་བརྒྱད་ལ་མཁས་དགོས། ཆོས་ནི་དེ་ལས་ལྡོག་པའོ། །ཚེ་འདི་བསྒྲུབ་ན་ནི། སེར་སྣ་ཆེ་དགོས། ཆོས་ནི་དེ་ལས་ལྡོག་པའོ། །ཚེ་འདི་བསྒྲུབ་ན་ཤ་ཚལ་ཆེན་པོ་ཟ་དགོས། ཆོས་ནི་དེ་ལས་ལྡོག་པའོ། །ཚེ་འདི་བསྒྲུབ་ན་ཆང་གར་སིང་མང་པོ་མིག་བཟི་འཁྱེར་འཁྱེར་འཐུང་དགོས། ཆོས་ནི་དེ་ལས་ལྡོག་པའོ། །ཚེ་འདི་བསྒྲུབ་ན་བུ་མོ་མཛེས་མ་དང་ཨ་ནེ་སོལ་མོ་ཟུར་མིག་ཚག་པ་ལྕེ་རེང་རེང་བྱེད་པ་མང་པོ་ལ། འོ་དང་མཐུན་འཇུག་བྱེད་དགོས། དམ་པའི་ཆོས་ནི་དེ་ལས་ལྡོག་པའོ། །ཚེ་འདི་བསྒྲུབ་ན་འཁོར་གཡོག་དཔུང་བུ་རྟ་མང་པོ་སྐྱོང་དགོས། ཆོས་ཀྱི་ཚུལ་ནི་དེ་ལས་ལྡོག་པའོ། །འཇིག་རྟེན་འདི་ཀ་བསྒྲུབ་ན་ནོར་དང་ཁ་དྲག་བཙན་པོ་གཞན་གནོན་པའི་དྲག་ལས་དང་བསམ་རྒྱ་ཆེ་དགོས། དམ་པའི་ཆོས་ནི་དེ་ལྟ་མ་ཡིན་ནོ། །ཚེ་འདི་བསྒྲུབ་ན་སེམས་མི་དྲན་དགུ་དྲན་འོག་འགྱུ་མང་པོ་གཏོང་དགོས། དམ་པའི་ཆོས་ནི་གང་དུའང་དམིགས་པ་དང་བྲལ་པའོ། །ཚེ་འདི་བསྒྲུབ་ན་གནོད་ལན་གནོད་པས་འཇལ་ཐུབ་པ་ཞིག་དགོས། དམ་པའི་ཆོས་ནི་དེ་ལས་ལྡོག་པའོ། །ད་དམ་པའི་ཆོས་རང་ལ་བློ་གཏོད་ན། ས་ཞིང་གིས་ཐོག་དྲངས་འཇིག་རྟེན་གྱི་བྱ་བ་ཐམས་ཅད་བློས་བསྐུར། རིག་པས་བཙན་ས་བཟུང་།དགྲ་གཉེན་བར་མ་གང་ལའང་བློ་མ་གཏོད། འཇིག་རྟེན་ཆོས་བརྒྱད་ཁོངས་སུ་བཅུག་པ་བླ་མའི་གཟུགས་སུ་འདུག་རུང་། དེའི་ཁ་ལ་མ་ཉན། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་མ་ཐོབ་ན་གཞན་ཅི་འགྲུབ་རུང་བློ་མི་ཚིམ་པ་གྱིས། སྤྲད་སྤུད་མ་མང་བར་རྒྱུན་དུ་མཉམ་བཞག་ལས་མ་གཡོས་པ་གྱིས། དེའི་རང་མདངས་བྱང་ཆུབ་ཀྱི་སེམས་དང་མ་བྲལ་བ་གྱིས། བདེན་འཆའ་ན་དེས་འཐུས། དེ་ལས་ལབ་མང་ན། སྐྱག་འཇུངས་མེད་པར་འགྲོ། ཀུན་ལེགས་ང་ནི་དེ་སྐད་ཟེར།