རྟོག་གེས་དཔྱར་པར་དགག་པ།
མཁན་ཆེན་ཏེ་པས་མཛད།
དངོས་སྟོབས་རིགས་པའི་རྩུབ་རྣོན་སྟོང་བརྡལ་བས། །
རྟོག་གེ་སྨྲ་བའི་རྒོལ་ཚོགས་འཇིགས་མཛད་ཅིང་། །
འཇིགས་མེད་སེང་གེའི་ཁྲི་ལ་མངའ་འབྱོར་བ། །
མི་ཕམ་ཆོས་ཀྱི་རྒྱལ་པོའི་ཤུས་པ་སྩོལ། །
འདི་ན་འཁོར་འདས་ཆོས་ཞེས་གཡེར་པོ་ཆེ། །
ཀུན་ཀྱང་རྟེན་འབྱུང་སྒྱུ་མའི་སྣང་བ་ཙམ། །
རྟོག་གེ་སྨྲ་ལ་འཁོར་འདས་ཆོས་འགལ་ཡང་། །
རྟེན་འབྱུང་ངང་དེར་འཁོར་འདས་གཉིས་མི་འགལ། །
སྣང་བ་དངོས་པོར་གྱུར་པའི་མཚན་མ་དང་། །
སྟོང་པ་ཁས་ལེན་བྲལ་བའི་དངོས་མེད་གཉིས། །
རྟོག་གེ་གོ་བའི་རིག་ངོར་ཐ་དད་ཀྱང་། །
དངོས་པོའི་ཆོས་ཉིད་གཤིས་ལ་ཅི་སྟེ་འག་ལ། །
སྔར་མེད་གསར་དུ་བྱུང་བའི་སྐྱེ་བ་དང་། །
སྔར་ཡོད་ད་ལྟ་མེད་པའི་འགག་པ་གཉིས། །
ངོ་བོ་གཅིག་གི་ཆོས་སུ་འགལ་འདྲ་ཡང་། །
སྐད་ཅིག་གཅིག་ལ་མི་འགལ་དངོས་པོའི་མཐུ། །
རང་ཡིན་དངོས་པོར་སྣང་བའི་རང་མཚན་དང་། །
རང་མིན་ཤུགས་ཀྱིས་སེལ་བའི་དངོས་མེད་གཉིས། །
ཕྱོགས་རིས་ཨུ་ཚུགས་ཅན་ལ་འགལ་སྣང་ཡང་། །
རང་མཚན་རང་གི་གཤིས་ལ་ཅི་ཞིག་འགལ། །
དེས་ན་འཁོར་འདས་སྣང་སྟོང་དངོས་དངོས་མེད། །
སྐྱེ་དང་འགག་པ་ལ་སོགས་གཉིས་ཆོས་ཀུན། །
ཡེ་སྟོང་དབྱིངས་སུ་རྟེན་འབྲེལ་སྒྱུ་མའི་ཆོས། །
ཀུན་ཀྱང་རོ་མཉམ་ཤེས་ན་འགག་བརྒྱ་གྲོལ། །
འདི་ཉིད་མ་ཤེས་སྐད་ཅིག་བསྐལ་པ་དང་། །
བསྐལ་པ་སྐད་ཅིག་ཉིད་དུ་སྣང་ཚུལ་དང་། །
སྐྱེ་མེད་སྐྱེ་བར་སྣང་སོགས་ཟབ་དོན་རྣམས། །
རྟོག་གེས་བསྐལ་བརྒྱར་དཔྱད་ཀྱང་ཤེས་མི་ནུས། །
སྐད་ཅིག་བསྐལ་པར་སྣང་ཚེ་དེའི་རང་མཚན། །
སྐད་ཅིག་ཡིན་ནམ་འོན་ཏེ་བསྐལ་པ་ཡིན། །
སྐད་ཅིག་ཡིན་ན་སྐད་ཅིག་ཁོ་ན་ལས། །
དེ་ཉིད་བསྐལ་པར་སྣང་བ་རྫུན་དུ་ཟད། །
བསྐལ་པ་ཡིན་ན་བསྐལ་པ་དངོས་མེད་ཉིད། །
རང་མཚན་དངོས་པོར་སྣང་བ་དེ་ཡང་འགལ། །
མདོར་ན་རྟོག་གེའི་དཔྱད་མཐའ་ཆོས་ཉིད་ལ། །
ཐུག་ཚེ་རྒྱུ་མཚན་བཙལ་བ་ངལ་བའི་རྒྱུ། །
ཆོས་ཉིད་དོན་ལ་དབུ་མའི་རིགས་ཤེས་ཟབ། །
དེ་ཡང་རྟོག་གེའི་དཔྱད་པས་མ་བསླད་དགོས། །
དང་པོ་དཔྱད་པས་ངེས་ཤེས་སྐྱེ་དགོས་མོད། །
དེ་ཡང་སྔ་འགྱུར་མཁས་པའི་གཞུང་བཞིན་དཔྱོད། །
ཅེས་ཐོས་བསམ་ལ་བློ་གྲོས་ཕྱོགས་པའི་གཞོན་ནུ་ཤེས་རབ་མིང་ནས་ཅི་དྲན་ཞིག་བྲི་དགོས་ཞེས་ཡང་ཡང་བསྙེགས་པའི་ལན་དུ་རྒན་ བུ་ཏེ་པ་ནས་ཅི་ཤར་མཚར་གཏམ་དུ་བགྱིས་པ་དགེའོ།། །།