ཇོ་བོ་རྗེས་ཁུ་རྔོག་འབྲོམ་གསུམ་ལ་གནང་བའི་དྲིས་ལན་བྱིན་ཆེན་བཞུགས།

文化   2024-10-20 13:30   西藏  

ཁུ་རྔོག་འབྲོམ་གསུམ་ལ་གནང་བའི་དྲིས་ལན།

ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ


ཁུ་རྔོག་འབྲོམ་གསུམ་གྱིས། ཇོ་བོ་ལ། ལམ་གྱི་ཆོས་ཐམས་ཅད་ཀྱི་མཆོག་གང་ལགས་ཞུས་པས། མཁས་པའི་མཆོག་བདག་མེད་ཀྱི་དོན་རྟོགས་པ་ཡིན། བཙུན་པའི་མཆོག་སེམས་རྒྱུད་དུལ་བ་ཡིན། ཡོན་ཏན་གྱི་མཆོག་ཕན་སེམས་ཆེ་བ་ཡིན། གདམས་ངག་གི་མཆོག་རྟག་ཏུ་རང་སེམས་ལ་ལྟ་བ་ཡིན། གཉེན་པོའི་མཆོག་གང་ཡང་རང་བཞིན་མེད་པར་ཤེས་པ་ཡིན། སྤྱོད་པའི་མཆོག་འཇིག་རྟེན་དང་མི་མཐུན་པ་ཡིན། དངོས་གྲུབ་ཀྱི་མཆོག་ཉོན་མོངས་པ་ཇེ་ཆུང་ལ་སོང་བ་ཡིན། གྲུབ་རྟགས་ཀྱི་མཆོག་འདོད་པ་ཇེ་ཆུང་ལ་སོང་བ་ཡིན། སྦྱིན་པའི་མཆོག་མ་ཆགས་པ་ཡིན། ཚུལ་ཁྲིམས་ཀྱི་མཆོག་སེམས་ཞི་བ་ཡིན། བཟོད་པའི་མཆོག་དམན་ས་བཟུང་བ་ཡིན། བརྩོན་འགྲུས་ཀྱི་མཆོག་བྱ་བ་ཐོང་བ་ཡིན། བསམ་གཏན་གྱི་མཆོག་བློ་མ་བཅོས་པ་ཡིན། ཤེས་རབ་ཀྱི་མཆོག་གང་ལ་ཡང་དེར་འཛིན་མེད་པ་ཡིན།

ཞེས་སོགས་གསུངས།

阿魄羊倌
འདིར་འབྲེལ་བ་གྱིས་དང་། ཁྱོད་ལ་མཁོ་བའི་རིག་དངོས་ཀྱིས་སྒུག་ནས་ཡོད་ངེས།
 最新文章