ཨུ་རུ་སུ་ལ་འཇབ་རྒོལ་ཐེབས་ནས། མེ་སྐྱོན་ཆེན་པོ་བྱུང་།
ཡུག་རེན་རྒྱལ་སྲུང་པུའུ་ཡི་གསང་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་ས་གནས་དེ་གའི་དུས་ཚོད་ཚེས་ཉེར་དགུ་ཉིན་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་ནང་། ཡུག་རེན་དམག་གིས་ཉིན་དེའི་ཐོ་རེངས་སྐབས་སུ། མི་མེད་གནམ་གྲུ་སྤྱད་དེ་ཁེ་སི་ཐེ་ཝོའི་ཨུ་རུ་སུའི་ནོ་ཕུའུ་ཀོ་ལུའོ་ཏེ་འོག་མའི་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭ་ལ་འཇབ་རྒོལ་བྱས་ནས་གཞི་ཁྱོན་ཆེ་བའི་མེ་སྐྱོན་བཟོས་པ་རེད།
ཡར་སྔོན། ནོ་ཕུའུ་ཀོ་ལུའོ་ཏེ་འོག་མ་ཀྲོའུ་ཡི་འགོ་འཛིན་གྱིས་ཆ་འཕྲིན་སྤེལ་ནས། ཉིན་དེར་ཡུག་རེན་གྱི་མི་མེད་གནམ་གྲུས་ཁེ་སི་ཐེ་ཝོ་བཟོ་ལས་ཁུལ་ནང་གི་ཁེ་ལས་ག་གེ་མོ་ལ་འཇབ་རྒོལ་བྱེད་པར་འགོག་སྲུང་བྱས། འགད་གཏོར་བཏང་བའི་མི་མེད་གནམ་གྲུའི་ཆག་རོ་ས་ཁུལ་དེར་ལྷུང་སྟེ་མེ་སྐྱོན་བྱུང་ཞེས་བརྡ་ཁྱབ་བཏང་བ་རེད། ཐོག་མའི་གནས་ཚུལ་ལས་མངོན་པ་ལྟར་ན། ཐེངས་འདིའི་འཇབ་རྒོལ་ལས་གནས་སྐབས་སུ་མི་སྣ་ཤི་རྨས་བྱུང་མི་འདུག
ཨུ་རུ་སུའི་མོར་མན་སི་ཁེ་གནམ་ཐང་ནས་རེ་ཞིག་གནམ་གྲུ་འཕུར་མཚམས་བཞག
ས་གནས་དེ་གའི་དུས་ཚོད་ཚེས་ཉེར་དགུ་ཉིན་ཨུ་རུ་སུའི་མོར་མན་སི་ཁེ་ཀྲོའུ་ཡི་འགོ་འཛིན་གྱིས། ས་གནས་དེ་གའི་གནམ་ཐང་སྒོ་རྒྱག་ཆ་ཐུག་པའི་མི་མེད་གནམ་གྲུ་འགད་གཏོར་བཏང་ཟིན་པས། གནམ་ཐང་རྒྱུན་ལྡན་འཁོར་སྐྱོད་སླར་གསོ་བྱས་ཡོད་ཅེས་བཤད་པ་རེད།
ཉིན་དེའི་དུས་ཚོད་སྔ་ཙམ་དུ་དམངས་སྤྱོད་མཁའ་འགྲུལ་འཕུར་སྐྱོད་བདེ་འཇགས་འགན་ལེན་བྱ་ཆེད། ཨུ་རུ་སུའི་མོར་མན་སི་ཁེ་གནམ་ཐང་གིས་གནས་སྐབས་ཚོད་འཛིན་བྱེད་ཐབས་སྤྱད་དེ་གནམ་གྲུ་འཕུར་མཚམས་བཞག་པ་རེད།
ཡུག་རེན་ཁུ་ཝེད་གྲོང་ཁྱེར་དུ་མི་མེད་གནམ་གྲུའི་ཆག་རོ་ལྷུང་ནས་མེ་སྐྱོན་ཤོར།
ས་གནས་དེ་གའི་དུས་ཚོད་ཚེས་ཉེར་དགུ་ཉིན། ཡུག་རེན་ཁུ་ཝེད་གྲོང་ཁྱེར་གྱི་འགོ་འཛིན་གྱིས་མི་མེད་གནམ་གྲུའི་ཆག་རོ་ལྷུང་ནས་རྩྭ་ཐང་དང་སྡོང་ཕྲན་ལ་མེ་སྐྱོན་ཤོར་ཅེས་བཤད། མིག་སྔར་མི་སྣ་ཤི་རྨས་བཟོས་ཡོད་མེད་བརྟག་དཔྱད་བྱེད་བཞིན་འདུག
ཉིན་དེའི་དུས་ཚོད་སྔ་ཙམ་ལ་ཁུ་ཝེད་ཀྱིས་མཁའ་ཟོན་ཉེན་བརྡ་བརྒྱབ་པ་རེད།
དེ་རྗེས་ཡུག་རེན་མཁའ་དམག་གིས་ཉིན་དེར་བརྡ་ཁྱབ་བཏང་ནས་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོའི་ཆུ་ཚོད་བདུན་དང་སྐར་མ་སུམ་ཅུ་ནས་བཟུང་ཨུ་རུ་སུའི་དམག་དཔུང་གིས་གཤོག་གཏན་མི་མེད་གནམ་གྲུ་ང་བདུན་སྤྱད་དེ་ཡུག་རེན་ལ་འཇབ་རྒོལ་བྱས་ཞེས་བསྒྲགས། ཚེས་ཉེར་དགུ་ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་དང་སྐར་མ་སུམ་ཅུའི་བར་ཡུག་རེན་མཁའ་ཟོན་དཔུང་སྡེས་མི་མེད་གནམ་གྲུ་ཉེར་དགུ་འཕངས་པ་དང་། མི་མེད་གནམ་གྲུ་བཅུ་བཞི་ཡི་དམིགས་འབེན་བོར་ཡོད་པ་རེད།
ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ།