ཟླ་1ཚེས་6ཉིན་གྱི་དགོང་མོར། དིང་རི་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་གཞོགས་འདེགས་ཉེན་རྟོག་པ་ལྷུན་གྲུབ་གཞུང་དོན་བསྒྲུབས་ཚར་རྗེས་གཞིས་རྩེ་གྲོང་ཁྱེར་ནས་ཕ་ཡུལ་དིང་རིར་ལོག དེ་གར་སླེབས་དུས་མཚན་མོའི་ཆུ་ཚོད་དང་པོ་ཟིན་ཡོད་པས། ཁོང་གིས་སང་ཞོགས་སྒྱུག་མོའི་ཁྱིམ་དུ་རང་ཉིད་ཀྱི་ཕྲུ་གུ་གསུམ་པོ་ལེན་པར་འགྲོ་རྒྱུའི་ཐག་བཅད། འོན་ཀྱང་སྐབས་དེ་དུས་ཁོང་གི་བཟའ་ཟླ་དང་བཟའ་ཟླའི་གཅུང་པོ་གཞིས་རྩེ་གྲོང་ཁྱེར་གྱི་སྨན་ཁང་དུ་སྒྱུག་མོར་ནད་གཡོག་རྒྱུག་ནས་བསྡད་ཡོད་པས། རང་ཉིད་ཀྱི་ཕྲུ་གུ་བུ་གཅིག་དང་བུ་མོ་གཅིག་ཡོད་པ་དེ་དང་གསོས་ཕྲུག་བུ་མོ་གཅིག་བཅས་ཕྲུ་གུ་གསུམ་མགུ་རིང་གྲོང་ཚོའི་སྒྱུག་མོའི་ཁྱིམ་དུ་བཞག་ནས་གཅུང་པོའི་བཟའ་ཟླས་ལྟ་རྟོག་བྱེད་ཀྱི་ཡོད། གཅུང་པོའི་བཟའ་ཟླའི་ཁྱིམ་ལའང་ཕྲུ་གུ་གསུམ་ཡོད་པས་དེ་ཉིན་དགོང་མོར་གཅུང་པོའི་བཟའ་ཟླས་ཕྲུ་གུ་དྲུག་པོ་ཚོམས་ཆེན་གྱི་སོབ་གདན་སྟེང་བསྙལ།
ཚེས་7ཉིན་གྱི་ཆུ་ཚོད་9དང་སྐར་མ་5ལ། ས་ཡོམ་བརྒྱབ་པས་ལྷུན་གྲུབ་གློ་བུར་དུ་གཉིས་ལས་སད། དེ་མུར་ཁོང་དངངས་འཚབ་དབང་གིས་རྐང་ཤུབས་ཀྱང་མ་གྱོན་པར་མགུ་རིང་གྲོང་ཚོའི་ཕྱོགས་སུ་རྒྱུག མགུ་རིང་གྲོང་ཚོ་ནི་ཡོམ་ལྟེ་ཡིན་པའི་གྲམ་སོ་ཤང་དུ་ཡོད་པ་དང་། ཐེངས་འདིའི་ས་ཡོམ་ནང་གནོད་འཚེ་ཚབས་ཆེ་ཤོས་ཀྱི་གྲོང་ཚོའི་གྲས་ཤིག་ཡིན། གྲོང་ཚོ་དེའི་གྲོང་མིའི་ཁང་པ་52ཚང་མ་རྡིབ་ཡོད་པ་རེད། ཆུ་ཚོད་10པ་ཙམ་ལ་ལྷུན་གྲུབ་དང་གྲོང་མི་ཚོས་ཞིག་ཁང་པ་ཞིག་རོའི་ཁྲོད་ནས་བཟའ་ཟླའི་གཅུང་པོའི་བུ་དང་རང་ཉིད་ཀྱི་ཕྲུ་གུ་གཉིས་པོ་བཏོན་ཅིང་། འཕྲལ་མར་ཐབས་ཤེས་གང་ཡོད་བཏོན་ནས་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་ཐོན་པས། ཁོང་གིས་ཕྲུ་གུ་ཚོ་མྱུར་དུ་སྨན་ཁང་དུ་བསྐྱལ། འོན་ཀྱང་སྨན་ཁང་དུ་སླེབས་ཀྱང་ཕྲུ་གུའི་སྲོག་སྐྱོབ་ཐུབ་མེད། དེ་མུར་ཁོང་གིས་ཕྲུ་གུ་ཚོའི་སྐུ་ཕུང་བྱང་དཀར་གྲོང་ཚོར་ཡོད་པའི་ཨ་ཕའི་སར་བསྐྱལ། བཟོད་པར་དཀའ་བའི་སྡུག་བསྔལ་གྱིས་མནར་རུང་ཕྲུ་གུ་གསུམ་པོ་བཞག་སྟེ་ལམ་སེང་མགུ་རིང་གྲོང་ཚོར་རོགས་སྐྱོབ་ཀྱི་ལས་ལ་ཞུགས། ལྷུན་གྲུབ་ཀྱིས་གསར་འགོད་པར། ཉིན་འདི་དག་ནང་ཁང་པ་ཞིག་རོ་བསྔོགས་ནས་སྡོད་ཀྱི་ཡོད། སྔོག་མཚམས་བཞག་ན་ལམ་སེང་ཕྲུ་གུ་གཉིས་པོ་དྲན་གྱི་འདུག དེས་ན་ངས་སྔོག་མཚམས་འཇོག་མི་ཕོད་ཅེས་གསུངས།
1989ལོར་འཁྲུངས་པའི་ལྷུན་གྲུབ་2013ལོའི་ཟླ་དང་པོར་དིང་རི་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་གཞོགས་འདེགས་ཉེན་རྟོག་པ་ཞིག་ཏུ་གྱུར། ལས་ཀའི་ནང་གྲུབ་འབྲས་ཕུལ་དུ་བྱུང་བས་ད་ཆ་རིམ་པ་ལྔ་པའི་གཞོགས་འདེགས་ཉེན་རྟོག་པ་ཞིག་ཏུ་གྱུར་ཡོད། 2018ལོར་ཁོང་ད་དུང་དིང་རི་རྫོང་སྤྱི་བདེ་ཅུས་ཀྱི་སྔོན་ཐོན་མི་སྒེར་ལ་ཡང་བདམས་ཡོད་པ་རེད།
ཟླ་1ཚེས་11ཉིན་གསར་འགོད་པས་མགུ་རིང་གྲོང་ཚོར་ལྷུན་གྲུབ་ཀྱིས་སྒྱུག་མོའི་ཁྱིམ་དང་བར་ཐག་སྨི་40ཡི་སར་ཁང་པ་ཞིག་རོའི་ས་རྡོ་གཙང་སེལ་བྱེད་པ་མཐོང་། ཁོང་གསར་འགོད་པ་དང་མཉམ་དུ་སྒྱུག་མོའི་ཁྱིམ་དུ་སྐྱོད་སྐབས་ཁང་པ་ཞིག་རོའི་ཁྲོད་ནས་ཕྲུ་གུ་གཉིས་པོའི་སྟོད་གོས་རྙེད། ཕྲུ་གུའི་སྟོད་གོས་མཐོང་མ་ཐག་ཁོང་གིས་པུས་མོ་ས་ལ་བཙུགས་ཏེ་སྟོད་གོས་ལ་འཐམས་ནས་སེམས་སྡུག་ཆེན་པོས་ངུ་འབོད་བྱས། སྣང་ཚུལ་དེ་མཐོང་སྐབས་དེ་གར་ཡོད་པའི་མི་དམངས་ཉེན་རྟོག་པ་དང་། མང་ཚོགས། རོགས་སྐྱོབ་མི་སྣ། གསར་འགོད་པ་བཅས་ཚང་མ་སེམས་སྡུག་གིས་མནར།
ས་ཡོམ་གནོད་སེལ་གྱི་འཐབ་ཕྱོགས་དང་པོའི་རོགས་སྐྱོབ་མི་སྣར་གུས་འདུད་ཞུ།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།