གྲྭ་པ་ཚོ་འདུག་ཏུ་ཆུགས།
མདའ་མེ་ལྕེ།
ཆུང་མའི་ཆེད་དུ་ཨ་མ་སྒོར་བདའ་ཞིང་།།
སྒོར་མོའི་དོན་དུ་རང་གི་ལུས་བཙོང་བའི།།
དུས་ངན་འདི་ལ་སྡོམ་པ་སྣ་གཅིག་ཙམ།།
སྲུང་བ་དེར་ཡང་བདག་ནི་ཕྱག་བགྱིད་དོ།།
དུས་རབས་ཉེར་གཅིག་རང་ཁ་རང་གསོའི་དུས།།
ལྷག་པར་གྲྭ་པ་ཁེར་འདུག་ཁེར་འཚོ་ཡིན།།
མི་ཡི་ཚེ་ཡང་ཧ་ཅང་ཐུང་མིན་པས།།
སྲོག་གི་འཚོ་ཐབས་དབུགས་ཅན་སུས་མི་བསྒྲུབས།།
རབ་བྱུང་ཡིན་ན་ཟ་མ་མི་དགོས་པའི།།
རྒྱུ་མཚན་ཡང་དག་ཅི་ཞིག་བཤད་རྒྱུ་ཡོད།།
མེད་ན་གྲྭ་པས་ཟོས་སོང་འཐུང་སོང་ཞེས།།
ལུགས་ལྡོག་སྐད་ཅོར་ཚ་བོ་མི་རྒྱག་རོགས།།
ཤི་ཟས་གསོན་ཟས་ཆུད་ཟོས་མི་རུང་བ།།
བདེན་ཡང་རང་གི་ཁ་ལ་ཟོས་པ་ཡང་།།
ཆུད་ཟོས་འཕྲོ་བརླག་ཡིན་ན་བླ་རྒན་ཚོ།།
ས་རྡོ་ལྕགས་གསུམ་ཟོས་ནས་འདུག་དགོས་སམ།།
གཞན་གྱིས་གསོས་དང་གཞན་ལ་བརྟེན་ཞེས་པའི།།
ཉེས་འདོགས་གླེང་འགེལ་ལའང་ཚོད་ཡོད་བྱོས།།
ཨ་ཁུ་རང་གི་ཁ་ལག་མ་འགུལ་བར།།
རིན་མེད་ཅོག་ཅིག་ཁྱེད་ཚོ་སུ་ཡིས་བྱིན།།
གྲྭ་ཅན་ནང་གི་ཚོགས་ཐུག་སྣུམ་པོ་དང་།།
གྲྭ་ཇ་མང་ཇའི་ཡོང་སྒོ་ཡོད་དོ་ཅོག།
སྔ་ལང་གུང་འདོན་བྱས་ནས་ཐོབ་པ་ལས།།
ཉལ་ནས་གཉིད་ནས་བླངས་པ་མ་ཡིན་པཱེ།།
ཨ་ཁུ་ན་ཚེ་སྨན་པ་སྟོན་དགོས་ལ།།
བླ་རྒན་ཤི་ན་གཤིན་ཆོས་བྱ་དགོས་པས།།
གསོན་ཐོག་ནོམ་པ་ཅུང་ཙམ་མ་བཙལ་ན།།
དུས་ལ་བབས་ཚེ་གནམ་ནས་མི་འབབ་པཱ།།
ཕྱུག་པོའི་ཁྱི་ཡང་གྲལ་མགོར་འཇོག་དུས་འདིར།།
ནོར་རྫས་ཅུང་ཙམ་གསོག་པ་སྙིང་གཏམ་ཞེས།།
ཐུའུ་བཀྭན་ཆོས་ཀྱི་ཉི་མས་གསུངས་པ་ཡང་།།
བསམ་མེད་བྱིས་པའི་རྡོལ་གཏམ་ག་ལ་ཡིན།།
ཇ་ཁ་གྲོང་ཆོག་བཏོན་པ་སྐྱོན་ཡིན་ན།།
སྐེ་ཤ་ཨོལ་ཤ་བསྟན་ནས་འབོད་དོན་ཅི།།
ཁྱོད་ཚོས་མ་བོས་ང་ཚོ་འཚངས་བཞག་པའི།།
ལོ་རྒྱུས་གཏམ་རྒྱུད་ཡོད་ན་ད་ཤོད་ཡ།།
འབུལ་བ་དུ་སྟེར་ཁྱོད་ཀྱི་དབང་ཆ་ཡིན།།
ཉུང་སོང་དམའ་སོང་ཟེར་མྱོང་ཐེངས་གཅིག་མེད།།
བཏོན་ཚེགས་རྡུང་ཚེགས་ཅུང་ཙམ་བྱིན་པ་དེ།།
རྒྱུ་འབྲས་དྲང་བཞག་ངོས་ནས་ཐོབ་འོས་ཡིན།།
སེམས་ལ་བདག་པོ་བརྒྱབ་དང་མ་བརྒྱབ་པའི།།
སྐད་ཆ་ལྷག་མ་ཁྱོད་ཀྱིས་བཤད་དགོས་མེད།།
ལག་པའི་ལས་གླ་ངག་གི་བཏོན་གླ་ལས།།
ཡིད་ཀྱི་འཆར་གླ་ཟེར་བ་བླངས་མྱོང་མེད།།
ཁྱོད་ཀྱི་ཕ་མ་ཤི་དུས་ཆོས་ཨེ་འདོན།།
མི་འདོན་དཀོན་མཆོག་གསུམ་ཞེས་མནའ་ཨེ་ཐུབ།།
མི་ཐུབ་ཁ་སྟོང་ནང་གི་ཚིག་སྟོང་གིས།།
ཆོས་དང་ཆོས་པའི་སྡེ་ལ་ཟག་མ་བླ།།
གྲྭ་ཤག་བརྗིད་སོང་ཅ་ལག་སྟོབས་སོང་བས།།
འདོད་ཆུང་ཆོག་ཤེས་མིན་ཞེས་ཞྭ་མ་སྐོན།།
ཚུལ་ཁྲིམས་ལྡན་ལ་ཁང་བརྩེགས་ལྔ་བརྒྱ་ཡང་།།
འོས་ཞེས་གསལ་བར་འདུལ་བ་མདོ་རྩར་གསུངས།།
དགེ་སློང་དག་དང་མ་དག་ཟེར་བ་དེ།།
ཐུན་མོང་ཕམ་བཞིས་དག་དང་མ་དག་ཡིན།།
ཉེས་བྱས་ཕྲ་མོ་ཕྲ་མོ་བྱུང་བ་ལ།།
སྡོམ་ཤོར་དམ་ལོག་རེད་ཅེས་མ་བཤད་ཨ།།
ས་སྟེང་ཧྲིལ་བོར་དྲ་བས་དབང་བསྒྱུར་དུས།།
གྲྭ་པའི་སྡེ་ཁག་འཇིག་རྟེན་གང་ལ་སྐུང་།།
སྐད་འཕྲིན་མགྱོགས་འཕྲིན་ཅུང་ཙམ་རྩེས་པ་ལ།།
བསྟན་དགྲ་བསྟན་བཤིག་ཐ་སྙད་མ་སྦྱར་པཱ།།
གནའ་ནས་ད་བར་བོད་ཀྱི་རིག་པའི་གཞུང་།།
དགོན་པའི་གྲྭ་པ་ཁོ་ནས་བཟུང་ནས་ཡོང་།།
མཁོ་མེད་ནུས་མེད་ཡིན་པའི་བསམ་བློ་དེ།།
གདོན་འདྲེ་སུ་ཡིས་ཁྱོད་ཚོའི་ཁོག་ལ་བཅུག།
མདོར་ན་རང་གི་གདོང་ལ་མཛུབ་མོ་ཚུགས།།
རང་གི་ཁ་ལག་སྤྱོད་གསུམ་དཔེ་ལ་ལོངས།།
ཉམ་ཆུང་ཉག་ཕྲའི་གྲྭ་པ་གྲྭ་རྐྱང་ཚོ།།
སྒར་དང་དགོན་ནས་བདེ་མོར་འདུག་ཏུ་ཆུགས།།
2024ཧོར་ཟླ11.3མཚན་མོར་རང་ཤག་ནས་ཤར་མར་བྲིས།