ཡུག་རེན་དམག་གིས་ཨུ་རུ་སུའི་་རྒྱལ་ནང་ལ་ཕར་རྒོལ།
2024.11.1
ཡུག་རེན་དམག་གིས། སླར་ཡང་ཁར་སི་ཀི་མངའ་སྡེའི་ཛེ་ལེ་ནེ་ ཤེལ་ཡག་Zelenyi Shlyakh ཟེར་བའི་གྲོང་གསེབ་ཅིག་དང་། ནོ་ཝོ་ཝ་ནོ་ཝི་ཀ་ Novoivanovka ཟེར་བའི་གྲོང་བརྡལ་གཉིས་བསྐྱར་དུ་བཟུང་ཟིན་པའི་གནས་ཚུལ་ཐོན། ཨུ་རུ་སུའི་ཁྲི་དམག་ 5 ཡིས་ཁར་སི་ཀི་མངའ་སྡེར་འཛུལ་བའི་ཡུག་རེན་དམག་ཕྱིར་འདེད་ཐབས་བྱེད་པའི་ཁྲོད། ཁོ་ཚོས་གྲོང་བརྡལ་འདི་གཉིས་ཡུག་རེན་དམག་གི་ལག་ནས་ཕྱིར་འཕྲོག་ཟིན་ཡང་། ད་ལྟ་ཡུག་རེན་དམག་གིས་སླར་ཡང་ཕྱིར་བཟུང་ཟིན་པའི་གནས་ཚུལ་ཐོན།
ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནི་ བྷི་ལེན་ཁིན་གྱིས། བྱང་ཁོ་རེ་ཡའི་དམག་མི་ 8,000 ཡས་མས་ཨུ་རུ་སུའི་ཁར་སི་ཀི་མངའ་སྡེར་བསླེབས་འདུག ད་ལྟ་བར་ཡུག་རེན་དམག་དང་བྱང་ཁོ་རེ་ཡའི་དམག་མི་ཐད་ཀར་གདོང་ཐུག་མ་བརྒྱབས་ཀྱང་། བྱང་ཁོ་རེ་ཡའི་དམག་མི་མགྱོགས་པོར་གཡུལ་འགྱེད་ཁྲོད་ཞུགས་རྒྱུའི་ཚོད་དཔག་བྱེད་ཀྱིན་ཡོད་ཅེས་བཤད། ད་དུང་ཁོས། སྲིད་འཛིན་ཕུ་ཀྲན་གྱིས་ཨུ་རུ་སུའི་མི་མང་པོ་ཤ་འཐག་སར་(གཡུལ་སར།)དེད་དང་འདེད་བཞིན་པ་ལྟར། ད་ལྟ་ཁོས་བྱང་ཁོ་རེ་ཡའི་དམག་མི་དག་འདེད་རྒྱུའི་མཚམས་སུ་བསླེབས་ཟིན་པ་འདིས། ཁོའི་ནུས་པ་ཟད་བཞིན་པ་སྟོན་གྱིན་ཡོད་ཅེས་བཤད།