ཐ་མག་གཅོད་འདོད་ཡོད་ན་འདི་ལ་གཟིགས།
ལོ་ག་ཚོད་ཙམ་ལ་ཐ་མ་ཁ་དེ་བཅད་ན་བཟང་མིན་སྐོར་ཞིག་ཞིབ་འཇུག་བྱས་འབྲས་ཁུངས་ལུང་དུ་དྲངས་ནས་བརྗོད་པར་བྱ་བ་ཀུན་ལ་ཕན་པར་བསྔོ།
དོན་དམ་དུ་གཞོན་ནུ་དང་དར་མ། ཡང་ན་རྒན་པ་སོགས་ན་སོ་ཇི་ཙམ་ལ་སླེབས་ཀྱང་ཉེས་དམིགས་ཀུན་གྱི་རྩ་བ་དུག་ཐ་མ་ཁ་དེ་བཅད་ན་ཁྱེད་ཀྱི་སྐུ་ལུས་ལ་བདེ་ཐང་གི་འོད་སྣང་འཁྱིལ་ཞིང་འཚོ་བའི་བདེ་སྐྱིད་ཀྱི་འཛུམ་ཞལ་མེ་ཏོག་ལྟར་ལྷང་ངེར་བཞད་ཐུབ།
གཅིག ལོ་35ཡི་སྔོན་ལ་ཐ་མག་བཅད་ན། ཞིབ་འཇུག་ལས་མངོན་པར། ལོ་35ཡི་སྔོན་ལ་ཐ་མག་བཅད་ན་ཐ་མག་འཐེན་པ་ལས་བྱུང་བའི་བདེ་ཐང་གི་གནོད་པ་ཕལ་ཆེ་བ་ལས་གཡོལ་ཐུབ་ཅིང་། ཐ་མག་རྩ་བ་ནས་འཐེན་མྱོང་མེད་མཁན་གྱི་ཚེ་ཚད་དང་བསྡུར་ན་ཁྱད་པར་ལོ་1.2ཙམ་ལས་ཟིན་གྱི་མེད། ལོ་ཆུང་དུས་ཐ་མག་བཅད་ན་སྙིང་དང་གློ་བའི་ནུས་པ་སླར་གསོ་ཐུབ་པ་མ་ཟད། ད་དུང་སྙིང་ཁམས་ཁྲག་རྩའི་ནད་དང་སྐྲན་ནད་ཕོག་པའི་ཉེན་ཁ་ཡང་མངོན་གསལ་དོད་པོས་ཆུང་དུ་གཏོང་ཐུབ། གྲངས་གཞི་ལས་མངོན་པར། ལོ་35ལ་སླེབས་པའི་ཐ་མག་གཅོད་མཁན་52.8%ཉུང་མཐར་ཡང་ལོ་གཅིག་ལྷག་ཙམ་ཚེ་རིང་དུ་འགྲོ་ཐུབ་ཅིང་། མི་36%ཐ་ན་ཚེ་རིང་དུ་ལོ་8ཡན་འགྲོ་ཐུབ།
གཉིས། ལོ་35ནས་55བར་དུ་ཐ་མག་བཅད་ན། སྐྱེ་བོ་དར་མའི་ལོ་ཚད་ལ་སླེབས་ཀྱང་ཐ་མག་བཅད་ན་གཟུགས་པོའི་བདེ་ཐང་ལ་ཕན་ཐོགས་ཆེ། ལོ་45ཟིན་དུས་ཐ་མག་བཅད་མཁན་དེ་ཐ་མག་མ་བཅད་མཁན་དང་བསྡུར་ན་ཆ་སྙོམས་ལོ་5.6ཙམ་གྱིས་ཚེ་རིང་བ་ཡོད། ལོ་55ཟིན་དུས་ཐ་མག་བཅད་མཁན་དེ་ཡང་ཐ་མག་མ་བཅད་མཁན་དང་བསྡུར་ན་ཚེ་ལོ་3.4རིང་དུ་གསོན་ཐུབ། གཞན་ཡང་ལོ་45ནས་ལོ་54བར་གྱི་ཐ་མག་བཅད་པའི་མི་ཚོགས་ཀྱི་ཤི་ཚད་དེ་ཐ་མག་མ་བཅད་མཁན་ལས་66%ཙམ་ཉུང་བ་ཡོད་པ་དང་། དུས་མཚམས་དེར་ཐ་མག་བཅད་ན་སྙིང་ཁམས་ཁྲག་རྩའི་མ་ལག་གི་ཁུར་པོ་ཇེ་ཡང་དུ་གཏོང་ཐུབ་ལ། གྲིབ་ནད་དང་འབྱིན་རྔུབ་མ་ལག་གི་ནད་ཀྱི་ཉེན་ཁ་ཡང་ཇེ་ཆུང་དུ་གཏོང་ཐུབ།
གསུམ། ལོ་60ཡན་ཟིན་དུས་ཐ་མག་བཅད་ན། རྒན་རྒོན་མང་པོ་ཞིག་གིས་ཐ་མག་བཅད་ན་ད་ནི་ཕྱིས་དྲགས་པ་རེད་སྙམ་གྱི་ཡོད། ཞིབ་འཇུག་བྱས་པ་ལས་མངོན་པར། ལོ་60ཡན་ལ་སླེབས་ཀྱང་ཐ་མག་བཅད་ན་སྔར་བཞིན་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་ཐུབ་པ་མ་ཟད་ཚེ་ཐག་ཀྱང་རིང་དུ་འགྲོ་ཐུབ། གྲངས་གཞི་ལས་མངོན་པར། ལོ་65ལ་ཐ་མག་གཅོད་མཁན་གྱི་ཚེ་ཚད་ཆ་སྙོམས་ལོ་1.7རིང་དུ་བསྲིངས་ཐུབ་པ་དང་། ལོ་75ལ་ཐ་མག་གཅོད་མཁན་ཡང་ཚེ་ཐག་ལོ་0.7བསྲིངས་ཐུབ། གཞན་ཡང་ཐ་མག་བཅད་ན་ད་དུང་རྒན་འཁོགས་རྣམས་ལ་དལ་བའི་རང་བཞིན་གྱི་གློ་བ་འགག་པའི་ནད་(COPD)ཕོག་པ་དང་། གྲིབ་ནད་ཕོག་པ། སྐྲན་ནད་ཕོག་པ་སོགས་ཀྱི་ཉེན་ཁ་ཆུང་དུ་ཕྱིན་ཏེ། ཁོང་ཚོ་སྔར་ལས་བདེ་ཐང་དང་སྔར་ལས་སྐྱེ་སྟོབས་ལྡན་པའི་ཚེ་མཇུག་གི་འཚོ་བར་རོལ་ཐུབ། དེས་ན། ཐ་མག་གཅོད་པའི་དུས་ཚོད་ཇི་ཙམ་སྔ་ན་དེ་ཙམ་གྱིས་བཟང་བ་དང་། ལོ་35ཡི་གོང་ཐ་མག་བཅད་ན་ཐ་མག་གིས་གཟུགས་པོའི་བདེ་ཐང་ལ་གནོད་པ་ཐ་དག་དལ་བུར་སེལ་ཐུབ་པ་མ་ཟད། ཐ་མག་རྩ་བ་ནས་མི་འཐེན་མཁན་གྱི་གཟུགས་པོའི་བདེ་ཐང་དང་མཉམ་པར་འགྱུར་སྲིད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་
སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་སྒྲིག་པ། ཚེ་འཛིན་སྒྲོལ་དཀར།
གཙོ་སྒྲིག་པ། གྲྭ་ཚང་སྐྱབས།
ལྟ་སྐུལ་པ། བློ་རས།