ཞི་ཅིན་ཕིང་གིས་ལི་མ་ནས་ཨ་རིའི་སྲིད་འཛིན་པའེ་ཏིན་ལ་ཐུག་འཕྲད་གནང་།

健康   2024-11-19 14:12   四川  

ཞི་ཅིན་ཕིང་གིས་ལི་མ་ནས་ཨ་རིའི་སྲིད་འཛིན་པའེ་ཏིན་ལ་ཐུག་འཕྲད་གནང་བ།

ས་དེའི་དུས་ཚོད་ཟླ11པའི་ཚེས16ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་མ་རུ་ཨ་རིའི་སྲིད་འཛིན་པའེ་ཏིན་ལ་ཐུག་འཕྲད་གནང་།

ས་དེའི་དུས་ཚོད་ཟླ11པའི་ཚེས16ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་མ་རུ་སྲིད་འཛིན་པའེ་ཏིན་ལ་ཐུག་འཕྲད་གནང་། ང་ཚོས་ཕྱོགས་གཉིས་ཀྱི་ཚོགས་པར་མཛུབ་ཁྲིད་བྱས་ཏེ་གྲོས་བསྡུར་བྱས་པ་བརྒྱུད་ཀྲུང་ཨའི་འབྲེལ་བའི་མཛུབ་ཁྲིད་རྩ་དོན་ཁག་གཅིག་གཏན་འཁེལ་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་གླེང་མོལ་དང་མཉམ་ལས་སླར་ཡང་ཡང་དག་པའི་སྲོལ་ལམ་ཐོག་ལོག་པར་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ། འབྲེལ་གཏུག་ལམ་སྲོལ20ལྷག་སླར་གསོ་དང་གསར་དུ་བཙུགས་ཤིང་། ཕྱི་འབྲེལ་དང་བདེ་འཇགས། དཔལ་འབྱོར་ཚོང་དོན། ནོར་སྲིད། དངུལ་རྩ། དམག་དཔུང་། དུག་འགོག ཁྲིམས་འཛིན། ཞིང་ལས། གནམ་གཤིས་འགྱུར་ལྡོག མི་ཆོས་སོགས་ཁྱབ་ཁོངས་ནང་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད།

འདས་ཟིན་པའི་ལོ4རིང་གི་ཉམས་མྱོང་ནི་ཕྱོགས་བསྡོམས་བྱེད་རིན་ཡོད་པ་དང་བློ་སྒོ་འབྱེད་དགོས། ངས་བལྟས་ན་ཉུང་མཐར་ཡང་གཤམ་གསལ་གྱི་དོན་ཚན་འགའ་ཡོད་པ་སྟེ།
གཅིག་ནས་འཐབ་ཇུས་ཀྱི་ངོས་འཛིན་ཡང་དག་ཡོད་དགོས། “ཞིའུ་ཞི་ཏིས་ཏི་ཡི་རྒྱ་རྙི”ནི་ལོ་རྒྱུས་ཀྱི་ལས་སྐལ་ཞིག་མིན་པས། “འཇམ་འཐབ་གསར་པ”རྒྱག་མི་ཐུབ་ལ་རྒྱག་ཀྱང་མི་རུང་། ཀྲུང་གོར་བཀག་འགོག་བྱེད་པ་དེ་བློ་གྲོས་དང་ལྡན་པའི་བྱེད་ཐབས་འོས་མཚམ་ཞིག་མིན་པས་ནམ་ཡང་འགྲུབ་མི་སྲིད།
གཉིས་ནི་གང་བཤད་ཚིག་གནས་དང་གང་བྱས་མཐའ་འཁྱོལ་བྱ་དགོས། མི་ལ་ཡིད་རྟོན་མེད་ན་ཚུགས་མི་ཐུབ། ཀྲུང་གོ་ཕྱོགས་ཀྱིས་ཁ་བཤད་ལག་བསྟར་བྱེད་ཀྱིན་ཡོད་མོད། འོན་ཀྱང་གལ་ཏེ་ཨ་རི་ཕྱོགས་ཀྱིས་རྟག་ཏུ་ཁ་བཤད་ལག་བསྟར་མི་བྱེད་ཚེ། དེས་ཨ་རིའི་གཟུགས་བརྙན་ལ་ཕན་པ་མེད་ལ་ཕྱོགས་གཉིས་ཀྱི་ཕན་ཚུན་ཡིད་ཆེས་ལ་གནོད་སྐྱོན་བཟོ་བ་ཡིན།
གསུམ་ནི་ཕན་ཚུན་འདྲ་མཉམ་གྱི་སྤྱོད་ཚུལ་འཛིན་དགོས། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་ཆེན་པོ་གཉིས་བར་འགྲོ་འོང་བྱེད་སྐབས། ཕྱོགས་གང་ཞིག་གིས་ཀྱང་རང་ཉིད་ཀྱི་འདོད་མོས་ལྟར་ཕར་ཕྱོགས་ལ་བསྒྱུར་བཀོད་བྱེད་མི་རུང་ལ། “སྟོབས་ཤུགས་དངོས་ཀྱི་གོ་གནས”ཞེས་པར་གཞིགས་ནས་ཕར་ཕྱོགས་ལ་མགོ་གནོན་ཡང་བྱེད་མི་རུང་ཞིང་། རང་རྒྱལ་ཁབ་ཀྱི་སྔོན་ཐོན་གོ་གནས་སྲུང་འཛིན་བྱས་ནས་ཕར་ཕྱོགས་ཀྱི་ལུགས་མཐུན་གྱི་འཕེལ་རྒྱས་དབང་ཆ་བཙན་འཕྲོག་དེ་བས་ཀྱང་བྱེད་མི་རུང་།
བཞི་ནི་དམར་ཐིག་དང་གཞི་ཐིག་ལ་འགྲན་སློང་བྱེད་མི་རུང་། ཀྲུང་གོ་དང་ཨ་རི་ནི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པས། འགལ་བ་ཁ་ཤས་མི་མཐུན་པ་ཡོད་པ་ནི་གཡོལ་ཐབས་མེད་པ་ཞིག་ཡིན་མོད། འོན་ཀྱང་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་གནོད་མི་རུང་ལ། གདོང་གཏུག་དང་ཁ་གཏད་ནི་དེ་བས་ཀྱང་བྱེད་མི་རུང་། ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་ནི་ཕྱོགས་གཉིས་ཀྱི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་ཡིན་པས་ངེས་པར་དུ་དམ་སྲུང་བྱ་དགོས། ཐའེ་ཝན་གྱི་གནད་དོན་དང་། དམངས་གཙོའི་འགྲོ་བ་མིའི་ཐོབ་ཐང་། འགྲོ་ལམ་ལམ་ལུགས། འཕེལ་རྒྱས་དབང་ཆ་བཅས་ནི་ཀྲུང་གོ་ཕྱོགས་ཀྱི་དམར་ཐིག་བཞི་ཡིན་པས། འགྲན་སློང་བྱེད་མི་རུང་། འདི་དག་ནི་ཀྲུང་ཨའི་འབྲེལ་བའི་ཆེས་གལ་ཆེ་བའི་འགོག་སྲུང་དང་བདེ་འཇགས་དྲ་བ་ཡིན།
ལྔ་ནས་གླེང་མོལ་དང་མཉམ་ལས་མང་ཙམ་བྱེད་དགོས། མིག་སྔའི་དུས་བབ་འོག་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་ཉུང་དུ་ཕྱིན་མེད་པར་དེ་བས་མང་དུ་ཕྱིན་ཡོད། དཔལ་འབྱོར་ཚོང་དོན་དང་ཞིང་ལས། དུག་འགོག ཁྲིམས་འཛིན། སྤྱི་པའི་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཡིན་ནའང་འདྲ། ཡང་ན་གནམ་གཤིས་འགྱུར་ལྡོག་དང་མི་ཐབས་ཀྱི་རིག་ནུས་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ཡིན་ནའང་འདྲ། དེ་བཞིན་རྒྱལ་སྤྱིའི་ཐོག་གླེང་མང་བའི་གནད་དོན་ཐད་ཀྲུང་གོ་དང་ཨ་རིས་མཉམ་ལས་བྱེད་དགོས་པ་ཡིན། ཀྲུང་ཨ་ཕྱོགས་གཉིས་ཀྱིས་མཉམ་ལས་ཀྱི་གསལ་ཐོ་བཟོ་བ་དང་མཉམ་ལས་ཀྱི་སྒོ་ངའི་བག་ལེབ་ཆེ་རུ་བཏང་སྟེ། མཉམ་ལས་གཉིས་ཁེ་ཡོང་བར་བྱེད་དགོས།
དྲུག་ནས་མི་དམངས་ཀྱི་རེ་སྒུག་ལ་ལན་འདེབས་དགོས། ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་རྩར་དམིགས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་དགོས། ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་སྣ་འགྲོ་འོང་དང་མི་ཆོས་བརྗེ་རེས་ལ་ཟམ་སྐྲུན་ལམ་བཟོ་བྱེད་དགོས་ལ། འགོག་རྐྱེན་དང་འགལ་རྐྱེན་བསལ་ནས་བསམ་བཞིན་དུ་ལྡོག་ནུས་བཟོ་མི་རུང་།
བདུན་ནི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་མངོན་པར་བྱེད་དགོས། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་བསམ་གཞིག་བྱས་ནས་འཛམ་གླིང་ཞི་བདེའི་ཆེད་འགན་ཁུར་བ་དང་། གོ་ལ་ཧྲིལ་པོར་སྤྱི་པའི་ཐོན་རྫས་མཁོ་འདོན་བྱེད་པ། འཛམ་གླིང་མཐུན་སྒྲིལ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པ་བཅས་ཀྱི་ཐོག་ནས་དགེ་མཚན་ལྡན་པའི་མཉམ་འགུལ་བྱེད་པ་དང་། ཕན་ཚུན་ཟད་གྲོན་མི་བྱེད་པ། རྒྱལ་ཁབ་གཞན་ལ་བཙན་ཤེད་ཀྱིས་ཕྱོགས་འདེམས་དཔུང་སྐྱོད་བྱེད་དུ་མི་འཇུག་པར་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་ཞེ་ལྔ་འཁོར་བའི་རིང་གི་ཉམས་མྱོང་དང་བློ་འབྱེད་ཀྱི་དཔང་བོ་ཡིན། གལ་ཏེ་རྒྱལ་ཁབ་གཉིས་ཁྱོད་བཟང་ང་བཟང་དང་གྲོགས་པོ་བཟང་བོ་བྱས་ནས། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱས་ཚེ། ཕན་ཚུན་ལ་ཕན་ཁེ་ཐོབ་ནས། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དེ་ཡུན་རིང་འཕེལ་རྒྱས་སུ་འགྲོ་ཐུབ། གལ་ཏེ་ཕ་རོལ་པ་འགྲན་ཡ་དང་དགྲ་བོ་རུ་བརྩིས་ཚེ། འགྲན་རྩོད་ངན་ཕྱོགས་སུ་གྱུར་ནས། ཕན་ཚུན་གནོད་འཚེ་ཕོག་སྟེ། ཀྲུང་གོ་དང་ཨ་མེ་རི་ཁའི་བར་གྱི་འབྲེལ་བ་ལ་བར་ཆད་འབྱུང་ཞིང་ཕྱིར་སྣུར་བྱ་སྲིད། དེང་གི་འཛམ་གླིང་ལྷིང་འཇགས་མེད་ཅིང་འཁྲུག་རྩོད་ཡང་ཡང་བྱུང་བས། མིའི་རིགས་ལ་སྔར་བྱུང་མྱོང་མེད་པའི་འགྲན་སློང་འཕྲད་ཡོད། རྒྱལ་ཁབ་ཆེན་པོའི་འགྲན་རྩོད་ནི་དུས་རབས་ཀྱི་གཞི་རྐྱེན་ཡིན་མི་རུང་ཞིང་། མཐུན་སྒྲིལ་མཉམ་ལས་བྱས་ན་གཞི་ནས་དུས་ངལ་མཉམ་སེལ་བྱེད་ཐུབ། “འབྲེལ་ཐག་གཅོད་པ”ནི་ཐག་གཅོད་ཀྱི་ལམ་བུ་ཞིག་མིན། གཉིས་ཁེ་མཉམ་ལས་བྱས་ཚེ་གཞི་ནས་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་ཐུབ། “སྒོ་ར་གྱང་མཐོ”ཞེས་པ་དེ་རྒྱལ་ཁབ་ཆེན་པོས་སྒྲུབ་པ་ཞིག་མིན་པ་དང་། སྒོ་དབྱེ་མཉམ་སྤྱོད་བྱས་ཚེ་གཞི་ནས་མིའི་རིགས་ལ་བདེ་སྐྱིད་བསྐྲུན་ཐུབ། ཀྲུང་ཨའི་འབྲེལ་བ་བརྟན་ལྷིང་དང་འཕེལ་རྒྱས་ཡོང་བ་བྱ་རྒྱུ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་འབྲེལ་བ་ཡོད་ལ། མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་དང་ཡང་འབྲེལ་བ་ཡོད། ཀྲུང་གོ་དང་ཨ་རིས་མུ་མཐུད་དུ་རྒྱལ་ཁབ་ཆེན་པོ་གཉིས་ཀྱི་ཡང་དག་པའི་མཉམ་གནས་ཀྱི་ཐབས་ལམ་འཚོལ་ཞིབ་བྱེད་པ་དང་། གོ་ལ་འདིའི་ཐོག་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཡུན་རིང་ཞི་བདེ་མཉམ་གནས་མངོན་འགྱུར་ཡོང་བ་བྱས་ནས། འཛམ་གླིང་ལ་གཏན་འཁེལ་རང་བཞིན་མང་ཙམ་སྤྲོད་པ་དང་དྲང་ནུས་མང་ཙམ་མཁོ་འདོན་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱི་ཀྲུང་གོ་དང་ཨ་རིའི་འབྲེལ་བ་བརྟན་འཇགས་དང་བདེ་ཐང་། རྒྱུན་མཐུད་འཕེལ་རྒྱས་བཅས་ཀྱི་ཕྱོགས་སུ་བསྐྱོད་རྒྱུའི་དམིགས་འབེན་ལ་འགྱུར་བ་མེད། ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས། མཉམ་ལས་གཉིས་རྒྱལ་བཅས་ཀྱི་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་རྩ་དོན་ལ་འགྱུར་བ་མེད། རང་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་ལངས་ཕྱོགས་ལ་འགྱུར་བ་མེད། ཀྲུང་གོ་དང་ཨ་རིའི་སྲོལ་རྒྱུན་མཛའ་བརྩེ་རྒྱུན་འཛིན་བྱེད་པའི་རེ་འདུན་ལ་འགྱུར་བ་མེད། ཀྲུང་གོ་ཕྱོགས་ཀྱིས་ཨ་རིའི་སྲིད་གཞུང་བར་དུ་གླེང་མོལ་དང་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས། མི་མཐུན་པའི་ཆར་དོ་དམ་དང་ཚོད་འཛིན་བྱས་ཏེ། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་བརྟན་འཇགས་རྒྱུན་འཁྱོངས་བྱེད་འདོད་ཡོད། 
ཞི་ཅིན་ཕིང་གིས་ཐའེ་ཝན་དང་། དཔལ་འབྱོར་ཚོང་དོན་ཚན་རྩལ། དྲ་རྒྱའི་བདེ་འཇགས། ལྷོ་རྒྱ་མཚོ། ཝུའུ་ཁི་ལན་གྱི་ཉམས་ཉེན། ཁྲའོ་ཞན་ཕྱེད་གླིང་སོགས་ཀྱི་གནད་དོན་ཐད་ནས་ཀྲུང་གོའི་ལངས་ཕྱོགས་གསལ་བཤད་གནང་།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། “ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་བྱ་སྤྱོད་དེ་ཐའེ་ཝན་མཚོ་འགག་གི་ཞི་བདེ་དང་བརྟན་ལྷིང་ལ་མེ་ཆུ་ལྟ་བུའི་འབྲེལ་བ་བཞིན་མཉམ་གནས་བྱེད་ཐབས་མེད། ཨ་རི་ཕྱོགས་ཀྱིས་ཐའེ་ཝན་མཚོ་འགག་གི་ཞི་བདེ་སྲུང་སྐྱོང་བྱེད་སྙམ་ན། འགག་རྩ་ནི་ལའེ་ཆིང་ཏེ་དང་དམངས་གཙོ་ཡར་སྐུལ་ཚོགས་པའི་དབང་འཛིན་ལས་ཁུངས་ཀྱི“ཐའེ་ཝན་རང་བཙན”གྱི་ངོ་བོ་ལ་ངོས་འཛིན་གསལ་པོ་བྱས་ནས། ཐའེ་ཝན་གྱི་གནད་དོན་གཟབ་ནན་ངང་ཐག་གཅོད་བྱེད་པ་དང་། “ཐའེ་ཝན་རང་བཙན”ལ་ངོ་རྒོལ་ཁ་གསལ་བྱེད་པ། ཀྲུང་གོ་ཞི་བདེ་གཅིག་གྱུར་ཡོང་བར་རྒྱབ་སྐྱོར་བྱེད་པ་བཅས་བྱེད་དགོས།
ཀྲུང་གོ་མི་དམངས་ཀྱི་འཕེལ་རྒྱས་ཁེ་དབང་ནི་བཙན་འཕྲོག་དང་སྣང་མེད་དུ་འཇོག་མི་རུང་བ་ཞིག་ཡིན། རྒྱལ་ཁབ་ཁག་ཚང་མར་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་དགོས་མཁོ་ཡོད་པས། རྒྱལ་ཁབ་བདེ་འཇགས་ཀྱི་གོ་དོན་སྣང་མེད་དོར་མི་རུང་ལ། དེ་ལ་ཁ་གཡར་ནས་རྒྱལ་ཁབ་གཞན་པར་བསམ་ངན་བཅངས་ཏེ་མགོ་གནོན་བྱེད་པ་ནི་དེ་བས་ཀྱང་མི་རུང་།
ཀྲུང་གོས་དྲ་རྒྱའི་ཚུར་རྒོལ་བྱེད་པ་ཟེར་བར་དཔང་རྟགས་མེད་ལ་གནས་ལུགས་ཀྱང་མེད། ཀྲུང་གོ་ཕྱོགས་ནི་རྒྱལ་སྤྱིའི་དྲ་རྒྱའི་ཕར་རྒོལ་གྱི་གནོད་འཚེ་ཕོག་མཁན་ཞིག་ཡིན་པས། རྣམ་པ་གང་རུང་གི་དྲ་རྒྱའི་ཕར་རྒོལ་ལ་ཐོག་མཐའ་བར་གསུམ་དུ་ངོ་རྒོལ་བྱེད་པ་དང་འབྲེལ་རྡུང་རྡེག་གཏོང་གིན་ཡོད།
ཀྲུང་གོ་ཕྱོགས་ཀྱིས་ལྷོ་རྒྱ་མཚོའི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་བཞིན་ཡོད། དོ་བདག་ཕྱོགས་ཀྱིས་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་ལྷོ་རྒྱ་མཚོའི་རྩོད་གཞིར་དོ་དམ་ཚོད་འཛིན་བྱེད་པའི་བྱེད་ཐབས་ཡག་ཤོས་ཤིག་ཡིན། ཨ་རིས་ནན་ཧྲ་མཚོ་གླིང་སྐོར་གྱི་ཕྱོགས་གཉིས་ཀྱི་རྩོད་གཞིར་ཐེ་ཇུས་བྱེད་མི་འོས་ལ། སྙད་བརྐོ་ལ་རྒྱ་ཡན་དང་རྒྱབ་སྐྱོར་ཡང་བྱེད་མི་འོས།
ཝུའུ་ཁི་ལན་གྱི་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་དང་བྱ་སྤྱོད་ཐོག་མཐའ་བར་གསུམ་དུ་ཁ་གསལ་གཏིང་གསལ་ཡིན་པ་དང་། དེ་ནི་འདུམ་འགྲིག་བྱེད་པ་དང་ཁ་ཏ་དང་གྲོས་མོལ་ལ་སྐུལ་འདེད་གཏོང་བ་དང་། ཞི་བདེའི་ཆེད་དུ་གང་སར་བསྐྱོད་དེ་དུས་བབ་ཞི་ལྷོད་དུ་འགྲོ་བར་སྐུལ་འདེད་གཏོང་ཆེད་འབད་བརྩོན་བྱེད་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱེད་གླིང་དུ་དམག་འཁྲུག་དང་ཟིང་ཆ་ལངས་སུ་འཇུག་མི་སྲིད་ལ། ཀྲུང་གོའི་འཐབ་ཇུས་བདེ་འཇགས་དང་ལྟེ་བའི་ཁེ་ཕན་ལ་འཇིགས་སྐུལ་ཕོག་པར་བལྟས་ནས་སྡོད་མི་སྲིད། 

ས་དེའི་དུས་ཚོད་ཟླ11པའི་ཚེས16ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་མ་རུ་ཨ་རིའི་སྲིད་འཛིན་པའེ་ཏིན་ལ་ཐུག་འཕྲད་གནང་།

པེ་ཏིན་གྱིས་བསྟན་དོན། ཨ་ཀྲུང་འབྲེལ་བ་དེ་འཛམ་གླིང་ཐོག་གི་ཕྱོགས་གཉིས་ཀྱི་འབྲེལ་བ་གལ་ཆེ་ཤོས་ཤིག་ཡིན་པའི་ངོས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་འབྲེལ་བ་ཡོད་པ་མ་ཟད། འཛམ་གླིང་གི་འབྱུང་འགྱུར་དང་ཡང་འབྲེལ་བ་ཡོད། ཨ་ཀྲུང་གི་འགྲན་རྩོད་དེ་གདོང་ཐུག་ཏུ་མི་འགྱུར་བར་བྱ་རྒྱུ་ནི་ཨ་ཀྲུང་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་འཛམ་གླིང་ལ་འཁུར་བའི་འགན་འཁྲི་ཞིག་རེད། འདས་ཟིན་པའི་ལོ་བཞིའི་རིང་། ཨ་ཀྲུང་ཕྱོགས་གཉིས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ནས། ཕྱོགས་གཉིས་ཀྱི་ཕྱི་འབྲེལ་དང་བདེ་འཇགས་ཚོགས་པའི་རྒྱུན་གཏན་རང་བཞིན་གྱི་འཐབ་ཇུས་འབྲེལ་གཏུག་རྒྱུན་འཁྱོངས་བྱེད་པ་དང་ལྷག་བསམ་ཟོལ་མེད་ངང་སྐད་ཆ་ཤོད་རེས་གཏིང་ཟབ་བྱས་ནས། ཕྱོགས་གཉིས་ཀྱིས་ཕན་ཚུན་ཤེས་རྟོགས་ཇེ་ཟབ་ཏུ་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད། ལྷག་པར་དུ་ང་ཚོས་ལོ་གཅིག་གི་སྔོན་དུ་ཅིའུ་ཅིན་ཧྲན་དུ་ཐུག་འཕྲད་བྱས་ཚུན་ཕྱོགས་གཉིས་ཀྱི་དམག་དོན་དང་། དུག་འགོག ཁྲིམས་འཛིན། མིས་ཐབས་རིག་ནུས། གནམ་གཤིས་འགྱུར་ལྡོག སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་སོགས་ཀྱི་ཐད་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་ཐོབ་ཡོད། ཕྱོགས་གཉིས་ཀྱིས2026ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་དང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་མགོ་ཁྲིད་པའི་དབུ་ཚོགས་གཙོ་གཉེར་བྱེད་པར་ཕན་ཚུན་རྒྱབ་སྐྱོར་བྱས་ནས། ཨ་ཀྲུང་མཉམ་ལས་ཀྱིས་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་པ་མངོན་པར་མཚོན་ཡོད། ཨ་རིས“འཇམ་འཐབ་གསར་པ”བྱེད་དུ་མི་འཇུག་པ་དང་། ཀྲུང་གོའི་སྒྲིག་སྲོལ་ལ་འགྱུར་ལྡོག་གཏོང་དུ་མི་འཇུག་པ། མནའ་མཐུན་གྱི་འབྲེལ་བ་ཇེ་དྲག་ཏུ་མི་གཏོང་བ་བརྒྱུད་ཀྲུང་གོར་ངོ་རྒོལ་བྱེད་དུ་མི་འཇུག་པ། “ཐའེ་ཝན་རང་བཙན”ལ་རྒྱབ་སྐྱོར་མི་བྱེད་པ། ཀྲུང་གོ་དང་གདོང་ཐུག་ཡོང་དུ་མི་འཇུག་པ། ཐའེ་ཝན་གྱི་གནད་དོན་སྤྱད་དེ་ཀྲུང་གོ་དང་འགྲན་རྩོད་མི་བྱེད་པ་བཅས་ཡིན། ཨ་རི་ཕྱོགས་ཀྱིས་ཀྱང་ཀྲུང་གོ་གཅིག་གི་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ་ཡིན། ཨ་རི་ཕྱོགས་ཀྱིས་བར་བརྒལ་དུས་ཚོད་ནང་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་དང་སྐད་ཆ་ཤོད་རེས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་དབར་ཤེས་རྟོགས་ཇེ་ཟབ་ཏུ་གཏོང་བ། འགན་འཁྲི་འཁུར་བའི་སྒོ་ནས་མི་མཐུན་ས་དོ་དམ་དང་ཚོད་འཛིན་བྱེད་འདོད་ཡོད།

རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཕྱོགས་གཉིས་ཀྱིས་ཀྲུང་ཨའི་འབྲེལ་བའི་མཛུབ་ཁྲིད་རྩ་དོན་ཐད་གྲོས་མཐུན་བྱུང་བའི་ཐུན་མོང་གི་ངོས་འཛིན་བདུན་སྟེ། ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། འབྲེལ་གཏུག་རྒྱུན་འཁྱོངས། གདོང་ཐུག་སྔོན་འགོག《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》བརྩི་སྲུང་། ཐུན་མོང་གི་ཁེ་ཕན་ཡོད་པའི་ཁྱབ་ཁོངས་སུ་མཉམ་ལས་བྱེད་པ། ཕྱོགས་གཉིས་ཀྱི་འབྲེལ་བའི་ཁྲོད་ཀྱི་འགྲན་རྩོད་ཀྱི་རྒྱུ་རྐྱེན་དོ་དམ་དང་ཚོད་འཛིན་བྱེད་པར་འགན་འཁུར་བ་བཅས་བསྐྱར་བསྒྲགས་བྱས་པ་རེད། ཕྱོགས་གཉིས་ཀྱིས་རྩ་དོན་དེ་དག་རྒྱུན་འཁྱོངས་བྱས་ནས་ཀྲུང་ཨའི་འབྲེལ་བ་མུ་མཐུད་དུ་བརྟན་རླིང་ཡོང་བར་བྱས་ཏེ། བརྟན་འཇགས་ངང་བར་བརྒལ་ཡོང་བར་བྱ་རྒྱུ་རེད།
རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཀྲུང་ཨའི་འཐབ་ཇུས་འབྲེལ་གཏུག་དང་། ཕྱི་འབྲེལ་བདེ་འཇགས་ཚོགས་པའི་རྒྱུན་གཏན་རང་བཞིན་གྱི་འབྲེལ་འདྲེས། དམག་དཔུང་གཉིས། དཔལ་འབྱོར་ཚོང་དོན། དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་གླེང་མོལ་ལམ་སྲོལ་གྱི་ནུས་པ་གལ་ཆེན་ལ་གདེང་འཇོག་ཧུར་ཐག་གནང་བ་དང་མ་ཟད། མུ་མཐུད་དུ་འབྲེལ་གཏུག་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། སྤྱི་ཁོག་དཔལ་འབྱོར་གྱི་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་རྒྱུའི་མོས་མཐུན་གནང་བ་རེད། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཅིའུ་ཅིན་ཧྲན་དུ་ཞལ་འཛོམས་གནང་ཚུན་དུག་འགོག་དང་གནམ་གཤིས་འགྱུར་ལྡོག མིས་ཐབས་རིག་ནུས། མི་ཆོས་བརྗེ་རེས་སོགས་ཁྱབ་ཁོངས་ཀྱི་གླེང་མོལ་དང་མཉམ་ལས་ལ་ཐོབ་པའི་དགེ་མཚན་ལྡན་པའི་འཕེལ་རིམ་ལ་ཕྱིར་དྲན་གནང་བ་རེད།
རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཕྱོགས་གཉིས་ཀྱིས་མིས་ཐབས་ཀྱི་རིག་ནུས་བཅོས་སྐྱོང་ཐད་བསམ་པ་རྣམ་དག་དང་དགེ་མཚན་ལྡན་པའི་ངང་གླེང་མོལ་གནང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ཕན་ཚུན་མིས་ཐབས་ཀྱི་རིག་ནུས་སྐོར་གྱི་གྲོས་ཆོད་མཉམ་དུ་བཀོད་དེ་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་མིས་ཐབས་ཀྱི་རིག་ནུས་དེ་དགེ་སྒྲུབ་ཀུན་ཕན་ཐད་བསྐྱོད་པར་སྐུལ་འདེད་གཏོང་བའི་དགོས་པ་ཡོད་པ་གཏན་འཁེལ་བྱས་ནས། མིའི་རིགས་ཀྱིས་ཉིང་རྡུལ་མཚོན་ཆ་བེད་སྤྱོད་ཚོད་འཛིན་བྱེད་པའི་གཏན་འབེབས་རྒྱུན་འཁྱོངས་བྱེད་དགོས་པའི་ངོས་འཛིན་གནང་བ་རེད།
རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ད་རེས་ཀྱི་ཐུག་འཕྲད་ལྷག་བསམ་ཟོལ་མེད་དང་གཏིང་ཟབ་ཡིན་པས་དགེ་མཚན་ལྡན་པ་ཞིག་ཡིན་ལ། མུ་མཐུད་དུ་འབྲེལ་གཏུག་བྱེད་འདོད་ཡོད་པའི་ངོས་འཛིན་གནང་བ་རེད།
ཚའེ་ཆི་དང་ཝང་དབྱི་སོགས་ཐུག་འཕྲད་ལ་ཞུགས། །
 རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། 

རྩོམ་སྒྲིག་པ། མཁའ་ཚེ
རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ་ཚེ་བརྟན།
ལྟ་སྐུལ་པ། རིག་འཛིན་ཚེ་རིང་།
སྤྱིའི་ལྟ་སྐུལ་པ། ཐུ་བོ་ཆེ།

阳光之卫
སློབ་གསོ། གསར་འགྱུར། དཔེ་ཀློག གླུ་གཞས་སོགས་འཕྲིན་སྟེགས་འདི་ལས་གཟིགས་ཐུབ།
 最新文章