ནམ་རྒྱུན་རྐང་ཚིགས་པུས་ཚིགས་ལ་ན་ཟུག་གཏོང་བ་དེ་ནི་དོན་དངོས་ཐོག་པུས་ཚིགས་ཀྱི་གྲུམ་ནད་རིགས་ཤིག་རེད། མི་མི་ཉུང་བ་ཞིག་གིས་པུས་ཚིགས་ན་བའི་རྒྱུ་རྐྱེན་གཙོ་བོ་ནི་འཁྱགས་པའི་རྐྱེན་གྱིས་ཡིན་པར་འདོད་ཀྱི་ཡོད། ཡིན་ནའང་འཁྱགས་པ་ནི་དེའི་ཐད་ཀའི་འབྱུང་རྐྱེན་མ་རེད། དགུན་ཁ་སོགས་སུ་པུས་ཚིགས་ན་རྐྱེན་ནི་ཚིགས་ཀྱི་ཕྲུམ་རུས་ལ་ཟད་སྐྱོན་དང་བརྡར་སྐྱོན་ཤོར་བས་རེད། མིག་སྔར། ལོ་ན་རྒས་པ་དང་། ཤ་རྒྱགས་དྲགས་པ། ཕྱི་ནས་རྨས་སྐྱོན་ཕོག་པ། བརྡར་ཟད་ཐེབས་པ་སོགས་ཀྱི་རྐྱེན་ལས་པུས་ཚིགས་ཀྱི་ཕྲུམ་རུས་བརྡར་ཟད་ཐེབས་མགྱོགས་སུ་འགྲོ་གི་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།
པུས་ཚིགས་ཀྱི་ནད་ཕོག་པ་ཡིན་ན། དུས་ཡུན་རིང་པོར་པུས་ཚིགས་ལ་ན་ཚ་ཡང་ཡང་གཏོང་བ་དང་། ལུས་སྦྱོང་ཚར་རྗེས་ན་ཟུག་ཆེ་རུ་འགྲོ་བ། ངལ་གསོ་བརྒྱབ་རྗེས་ན་ཟུག་ཆུང་དུ་འགྲོ་བ། འགུལ་སྐྱོད་བྱེད་པའི་སྐབས་པུས་ཚིགས་ནས་ཁྲོག་ཁྲོག་ཅེས་པའི་སྒྲ་གྲགས་པའི་ནད་རྟགས་ཐོན་གྱི་ཡོད།
ད་དུང་ནད་པ་ཁག་གཅིག་ལ་ཞོགས་པ་ཡར་ལངས་མ་ཐག་རྐང་པ་འགུལ་སྐྱོད་བྱེད་དཀའ་བའི་ནད་རྟགས་ཐོན་པ་དང་། ནད་ཚབས་ཆེ་བའི་ནད་པའི་ལུས་སྨད་ཀྱི་ཤ་གནད་འཁུམ་པ་དང་རུས་ཚིགས་སྐྲངས་སྦོས་ཐེབས་པའི་ནད་རྟགས་ཐོན་གྱི་ཡོད།
མིག་སྔར་རུས་གཤིས་ཀྱི་གྲུམ་ནད་རྦད་དེ་སྔོན་འགོག་ཐུབ་ཀྱི་མེད་མོད། འོན་ཀྱང་བྱ་ཐབས་ཁག་གཅིག་སྤྱད་ནས་རུས་གཤིས་ཀྱི་གྲུམ་ནད་ཉུང་དུ་གཏོང་བའམ་ནད་རྟགས་ཐོན་པའི་དུས་ཚོད་འགོར་དུ་གཏོང་ཐུབ།
དེ་ཡང་། གཅིག་ནས། ཡུན་རིང་ཙོག་པུར་སྡོད་པའམ་ཡུན་རིང་པོ་ལངས་ནས་སྡོད་རྒྱུ་མེད།
གཉིས་ནས། པུས་ཚིགས་ལ་གནོད་སྐྱོན་བཟོ་བའི་ལུས་རྩལ་རྩེད་རྒྱུ་ཉུང་དུ་གཏོང་དགོས། དཔེར་ན་ལག་ཏུ་ལྕགས་རྡོག་སོགས་བཀྱག་ནས་པུས་མོ་རྐྱང་སྐུམ་ཐེངས་མང་བྱ་རྒྱུ་ཉུང་དུ་གཏོང་དགོས།
གསུམ་ནས། ལུས་ཤ་སྐམ་དུ་གཏོང་དགོས། དེ་ཡང་ཤ་རྒྱགས་དྲགས་ན་རུས་ཚིགས་ལ་གནོན་ཤུགས་ཆེན་པོ་བཟོ་གི་ཡོད།
བཞི་ནས། པུས་ཚིགས་ལ་དྲོ་སྤྱོད་བྱ་རྒྱུར་སྣང་ཆེན་བྱེད་དགོས། འཁྱགས་པ་ནི་རྐང་ཚིགས་པུས་ཚིགས་ན་བའི་རྒྱུ་རྐྱེན་གཙོ་བོ་དེ་མིན་ཡང་། གྲང་ངར་ཆེ་བའི་གནམ་གཤིས་ཀྱིས་རྐང་ཚིགས་པུས་ཚིགས་ཀྱི་ནད་རྟགས་ཚབས་ཆེ་རུ་གཏོང་སྲིད། དེས་ན་གནམ་གཤིས་གྲང་དུ་འགྲོ་བའི་སྐབས་གོས་ཐུང་ནང་འཇམ་གྱོན་པ་དང་པུས་ཁེབས་གྱོན་ནས་པུས་ཚིགས་ཀྱི་དྲོ་སྤྱོད་ལ་སྣང་ཆེན་བྱེད་དགོས།
དེ་མིན། རྟག་པར་རྐུབ་བཙུགས་ནས་སྡོད་པའམ་རྐང་ལག་སོགས་ལ་ཁྲག་གི་འཁོར་རྒྱུག་ཡག་པོ་མེད་མཁན་ཡིན་ཚེ། གནམ་གཤིས་གྲང་མོ་དེ་ཙམ་མེད་པའི་སྐབས་སུའང་རྐང་ལག་འཁྱགས་པའི་སྣང་བ་ཡོང་གི་ཡོད། མི་དེ་རིགས་ཀྱིས་སྔ་ཙམ་ནས་ནང་འཇམ་དང་རྐང་ཤུབས་མཐུག་ཙམ་གྱོན་དགོས་པ་མ་ཟད། ཉིན་ལྟར་དགོང་མོ་ཉལ་ཁར་ཆུ་དྲོན་མོར་རྐང་པ་སྦངས་ནས་རྐང་པའི་ཁྲག་གི་འཁོར་རྒྱུག་ཡག་པོ་ཡོང་བ་བྱ་དགོས།
ཀུན་ཁྱབ་འོད་སྣང་འཕྲིན་སྟེགས།
གཞན་ལ་སྐུར།
ཉར་ཚགས།
མཐེ་བོང་ནོན།
མེ་ཏོག་ནོན།