པེ་ཅིང་སློབ་ཆེན་འབྱུང་འགྱུར་ལག་རྩལ་སློབ་གླིང་གི་འགོ་འཛིན་ཤའོ་རུའེ་ཕིང་གིས《སློབ་ཁྲིད་བྱེད་འགོ་ཚུགས》ཞེས་པའི་ལེ་ཚན་ནང་། གསར་དུ་ཞིབ་འཇུག་གསར་སྤེལ་བྱས་པའི་སྐྲ་བུད་པ་སྨན་བཅོས་བྱེད་པའི་སྨན་རྫས་དེའི་དུས་ཐེངས་གཉིས་པའི་ནད་ཐོག་ཚོད་ལྟ་ལེགས་གྲུབ་ཐུབ་ཉེར་ཡོད་ཅིང་། མགྱོགས་ཤོས་ལ་2027ལོར་ཁྲོམ་རར་འདོན་ཐུབ་རེ་ཡོད་ཅེས་ཟུར་གསལ་བྱས་ཡོད།
སྐྲ་བུད་པའི་ནད་སྨན་བཅོས་ཐུབ་པ་མ་ཟད། ཟླ་མཚན་འབབ་དུས་ཀྱི་ན་ཟུག་ཆུང་དུ་གཏོང་ཐུབ། སྨན་འདི་མགྱོགས་ཤོས་ལ་2027ལོར་ཁྲོམ་རར་འདོན་རྒྱུ་རེད།
ཤའོ་རུའེ་ཕིང་གིས་ལེ་ཚན་ནང་། ཚོགས་པ་དེས་ཞིབ་འཇུག་གསར་སྤེལ་བྱས་པའི་རྒྱུད་བཤུས་རྐྱང་པའི་དུག་སྲིན་འགོག་སྨན་དེ་ནི་མེད་པ་ནས་འགོ་བཙུགས་ཏེ་ཞིབ་འཇུག་གསར་སྤེལ་བྱས་པའི་སྨན་རྫས་ཤིག་ཡིན་པ་དང་། མིའི་རིགས་དང་ཐག་ཉེ་ཤོས་ཀྱི་བློ་ལྡན་སྲོག་ཆགས་ལ་ཚོད་ལྟ་བྱས་པ་བརྒྱུད་སྨན་དེས་སྐྲ་བུད་པའི་སྣང་ཚུལ་ལ་སྨན་ནུས་ཆེན་པོ་ཐོན་གྱི་ཡོད་པ་ཤེས་རྟོགས་བྱུང་བ་མ་ཟད། སྨན་སྤྱོད་མཚམས་བཞག་ནས་ལོ་བཞི་འགོར་རྗེས་སྲོག་ཆགས་ཀྱི་མགོ་སྤུ་སྔར་བཞིན་སྟུག་པོར་གནས་ཡོད་པས། ནད་ཐོག་ཚོད་ལྟ་བྱ་རྒྱུའི་རེ་འདུན་ཞུས་པ་རེད་ཅེས་ཟུར་གསལ་བྱས་ཡོད།
ཤའོ་རུའེ་ཕིང་གིས། མིག་སྔར་མི་200ལྷག་ཙམ་སྨན་རྫས་དེའི་ནད་ཐོག་ཚོད་ལྟའི་ནང་ཞུགས་ཡོད་པ་དང་། མགྱོགས་ཤོས་ལ་2027ལོར་ཁྲོམ་རར་འདོན་ཐུབ་རེ་ཡོད། གཞན་ཡང་། རྒྱུད་བཤུས་རྐྱང་པའི་དུག་སྲིན་འགོག་སྨན་དེས་ད་དུང་བུ་སྣོད་ནང་སྐྱིའི་གནས་གཞན་འགྱུར་ནད་ཡོད་པའི་ནད་པའི་ཟླ་མཚན་འབབ་དུས་ཀྱི་ན་ཟུག་ཆུང་དུ་གཏོང་ཐུབ་ཅེས་ངོ་སྤྲོད་བྱས་ཡོད།
མིག་སྔར། སྨན་རྫས་དེར་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་འབྲེལ་ཡོད་ཁས་ལེན་ཐོབ་ཡོད། ཤའོ་རུའེ་ཕིང་གིས། 2027ལོ་དང་2028ལོར་གོ་ལ་ཧྲིལ་པོའི་ཆོག་མཆན་ཐོབ་རྒྱུའི་རེ་བ་ཡོད། དེ་ནི་འདུན་པ་ཧ་ཅང་ཆེན་པོ་ཞིག་ཡིན་ཞིང་། དེར་རྒྱལ་ཁ་ཐོབ་གྲབས་ཡོད་ཅེས་བརྗོད་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཀུན་ཁྱབ་འོད་སྣང་འཕྲིན་སྟེགས།
གཞན་ལ་སྐུར།
ཉར་ཚགས།
མཐེ་བོང་ནོན།
མེ་ཏོག་ནོན།