དེང་གི་འཛམ་གླིང་འདིར་ལག་ཁྱེར་ཁ་པར་ནི་མི་རྣམས་ཀྱི་ལུས་དང་གྲིབ་མ་ལྟ་བུའི་འཚོ་བའི་ཡོ་ཆས་མེད་དུ་མི་རུང་བ་ཞིག་ཏུ་གྱུར་ཡོད། མིའི་ལུས་ཁམས་ལ་ཟུངས་ཁྲག་འཁོར་རྒྱུག་བྱེད་པ་བཞིན་ལག་ཁྱེར་ཁ་པར་ལ་གློག་གི་འཚོ་བཅུད་ཡང་ཡང་སྟེར་དགོས་པ་དེ་ནི་ལག་ཁྱེར་ཁ་པར་གྱི་ཚེ་ཐག་རིང་དུ་བསྲིངས་བ་དང་འབྲེལ་བ་དམ་ཟབ་ཡོད་པས། ལག་ཁྱེར་ཁ་པར་ལ་གློག་ཡང་དག་གསོག་དགོས་པ་ནི་གལ་འགངས་ཧ་ཅང་ཆེ་བའི་གནད་དོན་ཞིག་རེད། གཤམ་ལ་ལག་ཁྱེར་ཁ་པར་ལ་གློག་གསོག་པའི་ཐབས་མཆོག་འགའ་མཉམ་སྤྱོད་ཞུ་གི་ཡིན།
གཅིག ཚད་བརྒལ་གློག་གསོག་དང་གློག་སྤྱོད་སྔོན་འགོག་བྱེད་དགོས།
མ་གཞི་དེང་སང་གི་རིག་ནུས་ཁ་པར་མང་ཆེ་བར་སྤྱིའི་ཆ་ནས་གློག་གསོག་སྲུང་སྐྱོང་མ་ལག་ཡོད་ཀྱང་དུས་ཡུན་རིང་པོ་གློག་ཚད་100%སྲུང་འཛིན་བྱེད་པའམ་ཡང་ན་གློག་ཚད་0%ལ་བབས་ན་གློག་རྫས་ལ་གནོད་པ་ངེས་ཅན་བཟོ་སྲིད། དེས་ན་ཆེས་བཟང་བའི་གློག་གསོག་ཁྱབ་ཁོངས་ནི་གློག་ཚད་20%ནས80%བར་ཟིན་པ་བྱ་རྒྱུ་དེ་རེད། དེ་ལྟར་བྱས་ན་གློག་གསོག་པ་དང་བཀོལ་སྤྱོད་ཡང་ཡང་བྱས་པ་ལས་གློག་རྫས་ལ་སྐྱོན་ཤོར་ཚད་ཇེ་ཉུང་དུ་གཏོང་ཐུབ།
གཉིས། ཁ་པར་ཚ་པོ་ཆགས་དུས་གློག་གསོག་མི་རུང་།
དྲོད་ཚད་མཐོ་བ་ནི་གྱེས་རྡུལ་གློག་རྫས་ཀྱི་དགྲ་ཟླ་ཡིན། ཁ་པར་ཚ་པོ་ཡིན་དུས་གློག་གསོག་པ་དེས་གློག་རྫས་ནང་ཁུལ་གྱི་རྫས་གྱུར་སྣང་ཚུལ་ཇེ་མགྱོགས་སུ་བཏང་སྟེ། གློག་རྫས་ཤོང་ཚད་དེ་མ་ཐག་ཆུང་དུ་འགྲོ་སྲིད། དེའི་ཕྱིར། གློག་གསོག་སྐབས་ཁ་པར་ཡུན་རིང་ཉི་འོད་ཚ་པོ་སོགས་དྲོད་ཚད་མཐོ་བའི་ཁོར་ཡུག་ནང་འཇོག་མི་རུང་།
གསུམ། རང་བདག་གློག་གསོག་ཡོ་ཆས་དང་སྐུད་པ་སྤྱོད་དགོས།
ཚོང་རྟགས་དང་བཟོ་དབྱིབས་མི་འདྲ་བའི་གློག་གསོག་ཡོ་ཆས་དང་གཞི་གྲངས་སྐུད་པ་དག་གློག་གནོན་དང་གློག་རྒྱུན་ཕྱིར་གཏོང་ཐད་མི་འདྲ་བའི་ཁྱད་པར་ཡོད་པས། གློག་གསོག་སྒྲིག་ཆས་གང་བྱུང་དུ་བཀོལ་ན་གློག་རྫས་ལ་གནོད་པ་བཟོ་སྲིད། དེའི་ཕྱིར། ཁ་པར་བཟོ་གྲྭ་ནས་ཁ་པར་དང་མཉམ་དུ་མཁོ་སྤྲོད་བྱས་པའི་གློག་གསོག་ཡོ་ཆས་དང་གཞི་གྲངས་སྐུད་པ་བེད་སྤྱོད་ཡག་པོ་བྱས་ནས་གློག་གསོག་གི་བདེ་འཇགས་རང་བཞིན་དང་བརྟན་བརླིང་རང་བཞིན་ལ་འགན་སྲུང་ཐུབ་པ་བྱེད་དགོས།
བཞི། གློག་གསོག་བརྒྱུད་རིམ་ཁྲོད་ཁ་པར་བེད་སྤྱོད་བྱ་མི་རུང་།
གློག་གསོག་པའི་བརྒྱུད་རིམ་ཁྲོད་དང་ལྷག་པར་དུ་རྩོལ་ནུས་ཟད་གྲོན་ཆེ་བའི་ཉེར་སྤྱོད་བྱ་རིམ་འཁོར་སྐྱོད་བྱ་དུས་ཁ་པར་བེད་སྤྱོད་བྱས་ན་གློག་རྫས་ཀྱི་གནོན་ཤུགས་ཇེ་མཐོར་འགྲོ་བས་ལག་ཁྱེར་ཁ་པར་ཚ་བ་རྒྱས་སུ་འཇུག་པ་མ་ཟད། གློག་རྫས་མགྱོགས་མྱུར་འཕྲོ་བརླག་འགྲོ་སྲིད། དེའི་ཕྱིར་གློག་གསོག་སྐབས་རབ་བྱུང་ན་ཁ་པར་བེད་སྤྱོད་བྱ་རྒྱུ་མེད། གལ་སྲིད་ལས་ཀའི་དབང་གིས་ཁ་པར་བེད་སྤྱོད་བྱེད་དགོས་བྱུང་ཡང་བེད་སྤྱོད་ཉུང་ཙམ་བྱེད་པའམ་ཡང་ན་གློག་སྤྱོད་ཚད་དམའ་བའི་ཉེར་སྤྱོད་བྱ་རིམ་སྤྱོད་དགོས་སོ། །
ཀུན་ཁྱབ་འོད་སྣང་འཕྲིན་སྟེགས།
གཞན་ལ་སྐུར།
ཉར་ཚགས།
མཐེ་བོང་ནོན།
མེ་ཏོག་ནོན།