མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིང་གིས་ཟླ་12པའི་ཚེས་2ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། སི་རི་ཡའི་ཐལ་སྐྱོད་སྒྲིག་འཛུགས་དེ་བཞིན་ངོ་རྒོལ་ཤོག་ཁག་གི་དྲག་ཆས་དང་སི་རི་ཡ་སྲིད་གཞུང་དམག་དབར་སི་རི་ཡའི་ནུབ་བྱང་རྒྱུད་ས་ཁུལ་དུ་དམག་བརྒྱབ་ནས་ཉུང་མཐར་ཡང་མི་སེར་44རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་5ལ་ཉེ་བ་ཡུལ་གྱར་བར་གྱུར་ཡོད།
མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་11པའི་ཚེས་26ཉིན་ནས་ཟླ་12པའི་ཚེས་1ཉིན་བར། སི་རི་ཡའི་ནུབ་བྱང་རྒྱུད་ཀྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་སེར་44རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་བྱིས་པ་12དང་བུད་མེད་7ཚུད་ཡོད་པ་དང་། གཞན་ཉུང་མཐར་ཡང་མི་162ལ་རྨས་སྐྱོན་ཕོག་ཡོད། དབྱི་ཏེ་ལི་པུའུ་མངའ་སྡེ་དང་ཨ་ལེ་ཕོ་མངའ་སྡེར་ཡུལ་གྱར་བ་ཁྲི་4.85ལྷག་ཙམ་ཡོད་པའི་ནང་ཕྱེད་ཀ་ཡན་ནི་བྱིས་པ་ཡིན་པ་རེད།
མི་ཆོས་རིང་ལུགས་བྱ་དོན་གྱི་འགན་འཁུར་མཁན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་དང་ཛ་དྲག་རོགས་སྐྱོབ་མཐུན་སྦྱོར་པ་གཅིག་ལྕོགས་ཐང་མུའུ·ཧྥུའུ་ལའེ་ཁྲེས་སྤྱི་འབྲེལ་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ནས། སི་རི་ཡའི་དུས་བབ་ནི་མི་རྣམས་ནས་སེམས་ཁྲལ་བྱེད་དགོས་པ་ཞིག་ཡོད། མི་ཁྲི་ཕྲག་ཁ་ཤས་དམག་འཁྲུག་ལས་གཡོལ་བ་དང་། འགག་རྩའི་རྨང་གཞིའི་ཞབས་ཞུ་མཚམས་འཇོག་བྱས་ཡོད་ཅེས་བརྗོད་ཡོད།
ཚེས་2ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཨན་ཏུང་ཉི་ཨའོ·ཀུའུ་ཐེ་ལེ་སི་ཡིས་སི་རི་ཡའི་དུས་བབ་ཇེ་སྡུག་ཏུ་ཕྱིན་པར་སེམས་ཁྲལ་བྱས་ཡོད། ཀུའུ་ཐེ་ལེ་སིའི་མགྲིན་ཚབ་པ་སི་ཐེ་ཧྥན་ན·ཏི་ཡ་ལི་ཁེ་ཡིས་གསལ་བསྒྲགས་ཤིག་གི་ནང་། “ཕྱོགས་ཁག་གིས་ངེས་པར་དུ་ནུས་ཤུགས་ཡོད་རྒུས་དམག་འཁྲུག་ལས་གཡོལ་བའི་མི་སེར་ལ་བདེ་འཇགས་ཀྱི་ལམ་བུ་མཁོ་འདོན་བྱ་རྒྱུ་སོགས་ཚུད་པའི་མི་སེར་དང་དམངས་སྤྱོད་སྒྲིག་ཆས་སྲུང་སྐྱོང་བྱེད་དགོས། སི་རི་ཡའི་མི་དམངས་ཀྱིས་ལོ་14ཙམ་རིང་དམག་འཁྲུག་གི་སྡུག་བསྔལ་མྱངས་ཟིན། ཁོང་ཚོར་ཞི་བདེའི་མ་འོངས་པ་སྦྱིན་ཐུབ་པའི་ཆབ་སྲིད་ཀྱི་མདུན་ལྗོངས་ཡག་པོ་དགོས་པ་ལས། ཁྲག་ཐོན་གྱི་སྐྱོ་གར་མ་ཡིན”ཞེས་བརྗོད་ཡོད།
སི་རི་ཡའི་ཐལ་སྐྱོད་སྒྲིག་འཛུགས་དང་ངོ་རྒོལ་ཤོག་ཁག་གི་དྲག་ཆས་ཀྱིས་ཟླ་11པའི་ཚེས་27ཉིན་སི་རི་ཡའི་ནུབ་བྱང་རྒྱུད་ཀྱི་ས་ཆ་མང་པོར་གློ་བུར་དུ་འཇབ་རྒོལ་བྱས་པ་མ་ཟད། ཉིན་གསུམ་ནང་ཨ་ལེ་ཕོ་གྲོང་ཁྱེར་བཙན་བཟུང་བྱས་ཡོད། དམག་འཁྲུག་གི་མེ་ལྕེ་ད་ལྟ་དབུས་ཁུལ་གྱི་ཧ་མ་མངའ་སྡེར་མཆེད་འདུག སྲིད་གཞུང་དམག་གིས་ཚེས་1ཉིན། ཧ་མ་མངའ་སྡེ་རུ་ཚུར་རྒོལ་དེ་བཀག་འགོག་བྱས་པ་མ་ཟད་ཕར་རྒོལ་ཡང་བྱས་ཏེ་གྲོང་ཚོ་མང་པོ་ཚུར་བླངས་པ་དང་། འདས་ཟིན་པའི་ཉིན་གསུམ་ནང་ཐལ་སྐྱོད་སྒྲིག་འཛུགས་དང་ངོ་རྒོལ་ཤོག་ཁག་གི་དྲག་ཆས་མི་སྣ་ཆིག་སྟོང་ལྷག་རྩ་མེད་བཏང་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
ཀུན་ཁྱབ་འོད་སྣང་འཕྲིན་སྟེགས།
གཞན་ལ་སྐུར།
ཉར་ཚགས།
མཐེ་བོང་ནོན།
མེ་ཏོག་ནོན།