རང་རྩོམ་རང་གྱེར། ▶ གདན་ཞུའི་སྙན་ངག་པ་གཅོད་པ་མཚོ།

文摘   文学   2024-11-30 13:02   青海  

རང་རྩོམ་རང་གིས་གྱེར་ཀློག་བྱེད་པ་དེ། རང་ཉིད་གྱེར་འདོན་སྒྱུ་རྩལ་པ་ཞིག་ཨེ་ཡོང་ལ་བརྩོན་པ་མིན་པར། རང་ལ་རྒྱུས་མངའ་བའི་འཚོ་བའི་རིན་ཐང་གཤའ་མ་དེ་ཐད་ཀར་ཁྱེད་ཀྱི་སེམས་སུ་གསལ་ལེར་བཞེངས་འདོད་པ་དེའོ། ། 

---བོད་ཀྱི་སྒྱུ་རྩལ་པ་གྲགས་ཅན་ཞི་བདེ་ཉི་མས།


藏族朗诵平台是藏区最大的朗诵媒体之一,本公众号主要是分享藏族已出版过的一些诗歌、经典朗诵、朗读,小品、故事等。

རང་རྩོམ་རང་གྱེར།
བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོའི་ལས་རིམ་གསར་པ།

རང་རྩོམ་རང་གྱེར།

སྙན་ངག་པའི་ནང་སེམས་ཀྱི་སྐད་ཆ།



གཅོད་པ་མཚོ།  མཚོ་སྔོན་པོའི་ནུབ་རྒྱུད་ཀྱི་འབྲོག་སྡེ་ཆེན་པོ་བོང་སྟག་ཏུ་སྐྱེས།

ཆུང་དུས་སློབ་གྲྭར་འགྲིམ་པའི་སྐལ་བ་མ་ལྡན་ཡང་ཀ་མད་སུམ་ཅུའི་རང་མདངས་འབོར་དུ་མ་བཅུག་པར།ལོ་ཟླའི་ཆར་རླུང་གི་རུམ་ཁ་རུ་སྙན་ངག་གི་དྲོད་ཁོལ་མི་ཚེའི་རང་མདངས་སུ་སྒོམ་མཁན་ཞིག


བེའུ་ད་ལྟ་གང་དུ་ཡོད་དམ།



མུན་པའི་གདུག་རྩུབ་ཀྱི་སྡེར་མོ་ཐོགས་པའི་ལུང་གི་རྩུབ་ཤ་དག་སྙིང་ལ་འབབ་བམ

ཨ་མའི་འོ་དྲི

བགོ་སྐལ་གྱིས་ཆད་པའི་ལས་དབང་ལ་ཡི་མུག་སྐྱེའམ

འཇིག་རྟེན་གྱི་རླུང་དང་མུན་པ་སྟུག་ས་དག་ནས

ཁྱོད་ཁོ་ན་གཅན་གཟན་ཚོགས་ཀྱི་མཆེ་བར་ལ་ལྷུང་བའི་ཚིལ་ཁུ་ཙམ་ཡིན་ནམ

ཞེན་ཆགས་ཀྱི་ཕྱི་མིག

མ་ལོའི་བྱམས་བརྩེ་ཡི་པང་ལ་འཐེན་དུས

འཇིག་རྟེན་གྱི་རྒྱུད་སྐུད་མཚར་བོ་འདིའི་ཕག་ན

ཚེ་སྲོག་གིས་བཀྲོལ་མ་ཤེས་པའི་དབྱངས་རྟ་ཅི་ཞིག་ལྷག་འདུག་གམ


བེའུ་ཆུང

ནོར་འཁྲུལ་གང་ཞིག་གི་བློ་ལ

རྨོངས་པའི་ལྕགས་ཀྱིས་བསྐུལ་ཏེ

ཁྱོད་འཇིག་རྟེན་གྱི་སོ་ཁ་ནས་འདི་ལྟར་རྒྱང་ལ་སྤྱུགས་པ་ཅི

རྒྱང་ནས་རྒྱང་ལ་སྤྱུགས་དགོས་པའང་ཅི

ཁྱོད་ཀྱི་རྗེས་ལ་འུར་ལྕག་ཐོགས་པའི་རྫི་བོ

ང་ཡི་འཁྲེང་སེམས་བཞིན

ཁྱོད་འཇིག་རྟེན་གྱི་རླབས་སྣེ་ནས་མེ་ཏོག་ཅིག་ཏུ་བཞད་ཅིང

འཁོར་བའི་ལ་ཐུར་རྩུབ་ས་རུ་མགོ་ལྕོག་ལྡེམ་ནའང

གདུག་རྩུབ་ཀྱིས་འཛིང་པའི་མི་ཡུལ་གྱི་ཁ་རླངས་ནག་པོའི་སྲུབས་བར་ནས

ཇི་འདྲའི་མགོན་མེད་སྐྱབས་མེད་ཅིག

ཇི་འདྲའི་སྐྱབས་མེད་ཉམ་ཆུང་ཞིག


འབྲི་མོའི་བྲེད་ཤ་གང་ཞིག་གི་མིག་ཟུང

སྨྲ་ཤེས་དོན་གོ་ཡི་གདགས་གཞི་ལས་ཡོངས་སུ་བརྒལ་ནའང

འུ་ཐུག་གི་སྤྱོད་པ་གཉོམ་པོས་མི་སེམས་ལ་སྡོམ་ཚིག་བཀོད་ནས་འོང

ཁྱོད་ལ་ཅི་ཁག

ཐ་ན་རྣམ་དཔྱོད་ཀྱི་བློ་མིག་ལྡན་པའི་རྫི་བོ་ང་ལའང

ཁྱོད་ལ་འདི་ཞེས་ཁ་ཕྱོགས་ཤིག་སྟོན་རྒྱུ་མི་འདུག

ཚོད་ཚོད་ལ་མ་སེམས་ཤེས་པའི་སེམས་པ་འདི་ཚལ་བར་གས་ཏེ

རང་གི་མ་འཇོན་པ་ཉེས་པ་དག་ལ་བཤགས་པ་བགྱིས་ནའང

འུ་གཉིས་ཀྱི་བར་ཐག་གིས་ཆོད་པའི་གོ་བརྡ་ལ

རླུང་བུ་ལྡང་ཞིང

འུ་གཉིས་ཀྱི་བར་ཐག་གིས་མ་ཆོད་པའི་སྡུག་བསྔལ་ལ

ཚེར་མ་སྐྱེ་བཞིན་ཡོད


མཐའ་མེད་པའི་རི་ལུང་གི་སྒལ་ཚུགས་སྐྱ་བོ

དྲོད་འཇམ་གྱི་དུས་ཚིགས་ཤིག་ལ

མཐའ་མེད་པའི་མྱ་ངམ་གྱི་འཇིག་རྟེན་བཞིན་ཆེ་ས་ནས

གསར་དུ་འབུས་པའི་ཚེ་སྲོག་གི་གང་བུ་ཆུང་ཆུང་ཁྱོད

སྤྱང་ཚོགས་ཁོ་ནའི་མཆེ་བ་བརྡར་ས་ཡིན་པར་ཐེ་མི་ཚོམ་པའི

ངའི་བྲེད་ཤའི་དྲི་གཞི་ལ་འཇིགས་རུང་གི་ཁྲག་དྲི་བབས་ཤིང

སེམས་ཀྱི་ཁོ་ཐག་ལ་ཡི་མུག་གི་སྐྱོ་བ་མཆེད་ནའང


ཉི་འོད་ཀྱི་ཐུ་སྣེ་བཀྱགས་པའི་དབྱར་གཞུང་གི་ལུང་ཁུག་གང་རུང་ནས

ཁྱོད་རང་ཁྲ་ཤ་ལེ་སེམས་ཀྱི་དྲོད་ཐིག་གིས་བཏེགས་འོང་བའི་སྨོན་ལམ་བཏབ

ཟླ་འོད་ཀྱི་སྐས་རྐང་འཐེན་པའི་ལམ་ཕྲན་གྱི་སྣེ་མོ་འབའ་ཞིག་ནས

ཁྱོད་རང་ཁྲ་དཔལ་ལེར་དཀོན་མཆོག་གི་ཐུགས་བརྩེས་གཉོར་ཡོད་པའི་རེ་བ་བརྒྱབ

བེའུ་ཆུང

འོ་དྲི་དྲན་ནམ




ལྟ་སྐུལ་པ། ཞི་བདེ་ཉི་མ།

གདན་ཞུའི་སྙན་ངག་པ། གཅོད་པ་མཚོ།

རྩོམ་སྒྲིག་པ། ཁྱུང་སྲས་ཀུན་བཟང་།


藏族朗诵平台
བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ། 藏族朗诵平台是藏区最大的朗诵媒体之一,自媒体平台主要是分享藏族已出版过的一些诗歌、经典朗诵、朗读,小品、故事等。
 最新文章