ཨོ་རྒྱན་རྒྱང་འབོད།
གེ་བཅག་ཚངས་དབྱངས་རྒྱ་མཚོ།
ཕ་གཅིག་ཆོས་སྐུའི་སངས་རྒྱས་ཀུན་ཏུ་བཟང་། །སངས་རྒྱས་ཀུན་གྱི་སྤྱི་མྱེས་རིན་པོ་ཆེ། །རྒྱལ་བ་ཀུན་གྱི་སྤྱི་མྱེས་ཨོ་རྒྱན་མཁྱེན། །ལོངས་སྐུ་ཀུན་གྱི་རིགས་བདག་སྣང་མཐའ་ཡས། །རྒྱལ་བ་ཀུན་གྱི་ཡབ་གཅིག་ཨོ་རྒྱན་མཁྱེན། །སངས་རྒྱས་ཀུན་གྱི་ཐུགས་སྤྲུལ་པདྨ་འབྱུང་། །རྒྱལ་བ་ཀུན་གྱི་སྤྲུལ་སྐུ་ཨོ་རྒྱན་མཁྱེན། །སྣང་མཐའ་སྤྱན་གཟིགས་ཤཱཀ་ཐུབ་སངས་རྒྱས་ཀུན། །འོད་ཟེར་གཅིག་བསྡུས་འོ་མ་ཅན་དུ་ཕོག །ཡ་མཚན་ཅན་གྱི་ཕ་གཅིག་ཨོ་རྒྱན་མཁྱེན། །མེ་ཏོག་པདྨའི་སྦུབས་སུ་བརྫུས་ཏེ་སྐྱེས། །རྒྱུ་རྐྱེན་མ་གྲུབ་ཕ་གཅིག་ཨོ་རྒྱན་མཁྱེན། །འཇའ་དང་འོད་དང་མཁའ་འགྲོའི་ཚོགས་ཀྱིས་བསྐོར། །ཡ་མཚན་ཆེན་པོའི་ཕ་གཅིག་ཨོ་རྒྱན་མཁྱེན། །ཨིནྡྲ་བོ་དྷིས་སྤྱན་དྲངས་ཨོ་རྒྱན་ཡུལ། །ལྷ་མི་ཀུན་གྱི་རྗེ་བོ་ཨོ་རྒྱན་མཁྱེན། །ཨོ་རྒྱན་རྒྱལ་སྲིད་མངའ་ཐང་ནོར་བུ་ཕུལ། །དགའ་སྐྱིད་རྩེད་འཇོ་ཕ་གཅིག་ཨོ་རྒྱན་མཁྱེན། །འོད་འཆང་ཁབ་བཞེས་རྒྱལ་སྲས་རིན་པོ་ཆེ། །འཛམ་གླིང་རྒྱལ་པོ་ཕ་གཅིག་ཨོ་རྒྱན་མཁྱེན། །རྡོར་སེམས་ལུང་བསྟེན་འཁོར་བར་སྐྱོ་བ་སྐྱེས། །ངེས་འབྱུང་ཆེན་པོའི་ཕ་གཅིག་ཨོ་རྒྱན་མཁྱེན། །རྒྱལ་སྲིད་བོར་ནས་མ་ཚོགས་མཁའ་འགྲོས་བསུས། །འཁོར་བ་སྤངས་མཛད་ཕ་གཅིག་ཨོ་རྒྱན་མཁྱེན། །བཀའ་སྐྱོང་བྲག་བཞུགས་ཡི་དམ་ལྷ་ཞལ་མཇལ། །དངོས་གྲུབ་ཐོབ་མཛད་ཕ་གཅིག་ཨོ་རྒྱན་མཁྱེན། །བསིལ་བའི་ཚར་བཞུགས་བམ་རོའི་སྒྲུབ་པ་མཛད། །ཧེ་རུ་ཀ་དཔལ་ཕ་གཅིག་ཨོ་རྒྱན་མཁྱེན། །བདུད་རིགས་དམ་བཏགས་སྙིང་ཁྲག་ཞལ་དུ་གསོལ། །ཁྲག་འཐུང་ཆེན་པོ་ཕ་གཅིག་ཨོ་རྒྱན་མཁྱེན། །དྷ་ན་ཀོ་ཤར་ཡ་མཚན་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཕ་གཅིག་ཨོ་རྒྱན་མཁྱེན། །བསིལ་བའི་ཚལ་དུ་ཡོན་ཏན་དངོས་གྲུབ་བརྙེས། །པདྨ་སམ་བྷ་ཕ་གཅིག་ཨོ་རྒྱན་མཁྱེན། །ཡངས་པའི་གནས་ན་ཐམས་ཅད་དངོས་གྲུབ་བརྙེས། །བློ་ལྡན་མཆོག་སྲིད་ཕ་གཅིག་ཨོ་རྒྱན་མཁྱེན། །དགའ་ཚལ་ཁམས་གསུམ་དབང་བསྡུས་དངོས་གྲུབ་བརྙེས། །པདྨ་རྒྱལ་པོ་ཕ་གཅིག་ཨོ་རྒྱན་མཁྱེན། །བདེ་བྱེད་བརྩེགས་པར་འགྲོ་འདུལ་དངོས་གྲུབ་བརྙེས། །ཉི་མ་འོད་ཟེར་ཕ་གཅིག་ཨོ་རྒྱན་མཁྱེན། །ཟ་ཧོར་བདུད་དཔུང་འདུལ་བའི་དངོས་གྲུབ་བརྙེས། །ཤཱཀྱ་སེང་གེ་ཕ་གཅིག་ཨོ་རྒྱན་མཁྱེན། །དབུས་འགྱུར་མུ་སྟེགས་འདུལ་བའི་དངོས་གྲུབ་བརྙེས། །སེང་གེ་སྒྲ་སྒྲོགས་ཕ་གཅིག་ཨོ་རྒྱན་མཁྱེན། །སྟག་ཚང་དྲེགས་པ་ཚར་གཅོད་དངོས་གྲུབ་བརྙེས། །རྡོ་རྗེ་གྲོ་ལོད་ཕ་གཅིག་ཨོ་རྒྱན་མཁྱེན། །རིག་པའི་གནས་ལྔ་བསླབས་པའི་པཎྜི་ཏ། །མཁས་པ་ཆེན་པོ་ཕ་གཅིག་ཨོ་རྒྱན་མཁྱེན། །རབ་ཏུ་བྱུང་ནས་བྱང་ཆུབ་ཆེན་པོ་བརྙེས། རྫོགས་པའི་སངས་རྒྱས་ཕ་གཅིག་ཨོ་རྒྱན་མཁྱེན། །པྲ་བྷ་ཧསྟིར་ཐེག་པ་རིམ་དགུ་གསན། །ཡོན་ཏན་མཐར་ཕྱིན་ཕ་གཅིག་ཨོ་རྒྱན་མཁྱེན། །སྟོན་པ་ཀུན་བཟང་རྫོགས་པ་ཆེན་པོ་གསན། །གསང་མཚན་རྡོ་རྗེ་འཆང་གསོལ་ཨོ་རྒྱན་མཁྱེན། །རྡོར་སེམས་མ་ཧཱ་ཡོ་གའི་ཆོས་རྣམས་གསན། །གོང་བཞིན་གསང་མཚན་རྡོར་འཆང་ཨོ་རྒྱན་མཁྱེན། །རྡོར་འཆང་སྤྱི་ཏི་སྟོང་ཕྲག་དྲུག་ཅུ་ཞུས། །གསང་མཚན་པདྨ་ཀུན་འཆང་ཨོ་རྒྱན་མཁྱེན། །དགའ་རབ་དྲུང་བྱོན་ཨ་ཏི་འབུམ་ཕྲག་གསན། །གསང་མཚན་རྡོ་རྗེ་ཐོད་ཕྲེང་ཨོ་རྒྱན་མཁྱེན། །རིག་འཛིན་རྡོ་རྗེ་འཆང་ཆེན་དྲུང་དུ་བྱོན། །བཀའ་གཏད་རྒྱུད་རྣམས་མ་ལུས་ཡོངས་རྫོགས་གསན། །པདྨ་འབྱུང་གནས་ཕ་གཅིག་ཨོ་རྒྱན་མཁྱེན། །ཤྲཱི་སིཾ་ཧར་རྫོགས་ཆེན་དོན་དམ་གསན། །སྐྱེ་མེད་མངོན་གྱུར་ཕ་གཅིག་ཨོ་རྒྱན་མཁྱེན། །འཇམ་དཔལ་བཤེས་གཉེན་འཇམ་དཔལ་གཤིན་རྗེ་གསན། །སྐུ་ཡི་རིག་འཛིན་ཕ་གཅིག་ཨོ་རྒྱན་མཁྱེན། །སློབ་དཔོན་ཀླུ་སྒྲུབ་པདྨ་དབང་ཆེན་གསན། །གསུང་གི་རིག་འཛིན་ཕ་གཅིག་ཨོ་རྒྱན་མཁྱེན། །ཧཱུྃ་ཆེན་ཀཱ་རའི་དྲུང་ནས་ཡང་དག་གསན། །ཐུགས་ཀྱི་རིག་འཛིན་ཕ་གཅིག་ཨོ་རྒྱན་མཁྱེན། །བཱི་མ་མི་ཏྲར་བདུད་རྩི་ཡོན་ཏན་གསན། །ཡོན་ཏན་རིག་འཛིན་ཕ་གཅིག་ཨོ་རྒྱན་མཁྱེན། །པྲ་བྷ་ཧསྟིར་ཕྲིན་ལས་ཕུར་པ་གསན། །ཕྲིན་ལས་རིག་འཛིན་ཕ་གཅིག་ཨོ་རྒྱན་མཁྱེན། །དྷ་ན་སཾ་སྐྲྀར་མ་མོའི་ཆོས་རྣམས་གསན། །སྦོད་གཏོང་མ་མོའི་རིག་འཛིན་ཨོ་རྒྱན་མཁྱེན། །རོམ་བུ་གྷུ་ཧྱར་འཇིག་རྟེན་མཆོད་བསྟོད་གསན། །དྲེགས་པ་ཀུན་འདུལ་རིག་འཛིན་ཨོ་རྒྱན་མཁྱེན། །ཤཱནྟིཾ་གརྦྷར་དམོད་པ་དྲག་སྔགས་གསན། །དྲག་སྔགས་མཐུ་ཡི་རིག་འཛིན་ཨོ་རྒྱན་མཁྱེན། །སླར་ཡང་རིག་འཛིན་བརྒྱད་ཀྱི་བླ་མ་མཛད། །ལྷ་གཅིག་ཀུན་འདུས་ཕ་གཅིག་ཨོ་རྒྱན་མཁྱེན། །ཡང་དག་བླ་མ་ལྔ་བཅུ་རྩ་གཅིག་བསྟེན། །དོན་དམ་བླ་མ་ཤྲི་སིཾ་ཧ་བསྟེན། །རིག་འཛིན་གཅིག་འདུས་ཕ་གཅིག་ཨོ་རྒྱན་མཁྱེན། །ཆོས་འཁོར་བསྐོར་ཞིང་འགྲོ་ལ་ཉི་མ་ཤར། །ཁམས་གསུམ་གསལ་མཛད་ཕ་གཅིག་ཨོ་རྒྱན་མཁྱེན། །ཟ་ཧོར་མནྡ་ར་བ་གདུལ་བྱར་གཟིགས། །གསོན་བསྲེགས་མེ་དཔུང་མཚོར་བསྒྱུར་རྫུ་འཕྲུལ་བསྟན། །གྲུབ་པའི་དབང་ཕྱུག་ཕ་གཅིག་ཨོ་རྒྱན་མཁྱེན། །རྒྱལ་སྲིད་ལྷ་ལྕམ་ནོར་བུ་མངའ་ཐང་ཕུལ། །སྣང་སྲིད་དབང་བསྡུས་ཕ་གཅིག་ཨོ་རྒྱན་མཁྱེན། །བཀའ་འདུས་ལ་སོགས་ཆོས་ཀྱི་འཁོར་ལོ་བསྐོར། །ཟ་ཧོར་སྨིན་གྲོལ་མཁའ་སྤྱོད་ས་ལ་བཀོད། །འགྲོ་བའི་སྐྱབས་གནས་ཕ་གཅིག་ཨོ་རྒྱན་མཁྱེན། །དེ་ནས་ཡབ་ཡུམ་མཱ་ར་ཏི་ཀར་བྱོན། །ཆགས་བྲལ་ཆེན་པོ་ཕ་གཅིག་ཨོ་རྒྱན་མཁྱེན། །ཚེ་དཔག་མེད་པ་ཟླ་བ་གསུམ་དུ་བསྒྲུབས། །ཡབ་ཡུམ་འཆི་མེད་ཚེ་ཡི་རིག་འཛིན་བརྙེས། །ཚེ་དཔག་མེད་མགོན་ཕ་གཅིག་ཨོ་རྒྱན་མཁྱེན། །དེ་ནས་རྒྱ་གར་ཡུལ་གྲུ་ཐམས་ཅད་དུ། །ཆོས་ཀྱི་འཁོར་ལོ་བྱེ་བ་གྲངས་མེད་བསྐོར། །འགྲོ་བའི་བླ་མ་ཕ་གཅིག་ཨོ་རྒྱན་མཁྱེན། །ཡང་ལེ་ཤོད་དུ་ཡང་དག་སྒྲུབ་པ་མཛད། །བར་ཆད་བགེགས་རྣམས་རྡོ་རྗེ་ཕུར་པས་བསྒྲལ། །ཕྱག་རྒྱ་ཆེན་པོའི་རིག་འཛིན་ཨོ་རྒྱན་མཁྱེན། །སྨོན་ལམ་ཐུགས་བསྐྱེད་བོད་ཀྱི་ཡུལ་དུ་བྱོན། །ལམ་དུ་བདུད་རིགས་མ་ལུས་དམ་ལ་བཏགས། །མཐུ་རྩལ་ཆེན་པོའི་ཕ་གཅིག་ཨོ་རྒྱན་མཁྱེན། །བསམ་ཡས་གླིང་ཕེབས་ས་འདུལ་རྨིང་རྡོ་འཕང་། །ལྷ་ཀླུ་མི་གསུམ་བསམ་ཡས་གཙུག་ལག་བཞེངས། །སྣང་སྲིད་དབང་སྡུད་ཕ་གཅིག་ཨོ་རྒྱན་མཁྱེན། །རབ་ཏུ་གནས་པས་ཡ་མཚན་བསམ་མི་ཁྱབ། །མདོ་སྔགས་བསྟན་བཅོས་མ་ལུས་བོད་དུ་བསྒྱུར། །སྐུ་རྟེན་ལྷ་ཁང་གསུང་རྟེན་དམ་ཆོས་བསྒྱུར། །ཐུགས་རྟེན་འཕགས་པའི་དགེ་འདུན་སྡེ་བཙུགས་ཏེ། །དཀོན་མཆོག་ཀུན་འདུས་ཕ་གཅིག་ཨོ་རྒྱན་མཁྱེན། །རྒྱལ་པོའི་མངའ་ཐང་བཙུན་མོ་མཚོ་རྒྱལ་ཕུལ། །ཀུན་བཟང་ཡུམ་དུ་མངའ་གསོལ་བླ་མེད་ཀྱི། །ཆོས་འཁོར་བསྐོར་ནས་རྗེ་འབངས་ཉེར་ལྔ་སོགས། །བཤད་སྒྲུབ་སྡེ་ཡི་བོད་ཁམས་མ་ལུས་བཀང་། །རྩ་བའི་བླ་མ་ཕ་གཅིག་ཨོ་རྒྱན་མཁྱེན། །མངའ་བདག་ཡོན་བདག་མཚོ་རྒྱལ་བཀའ་བསྡུས་ཀྱི། །གཏེར་ཆེན་གཏེར་ཕྲན་བོད་ཡུལ་ས་རྣམས་བཀང་། །དགོས་འདོད་ཟད་མེད་ཕ་གཅིག་ཨོ་རྒྱན་མཁྱེན། །བོད་ཁམས་ཀུན་ལ་ཞལ་གདམས་སྣ་རེ་གསུངས། །བརྩེ་བ་ཆེན་པོའི་ཕ་གཅིག་ཨོ་རྒྱན་མཁྱེན། །བོད་ཁམས་སྒྲུབ་གནས་ཀུན་ལ་ཞབས་ཀྱིས་གཅགས། །བྱིན་རླབས་ཅན་གྱི་ཕ་གཅིག་ཨོ་རྒྱན་མཁྱེན། །དངོས་ཡོད་དངོས་མེད་བདུད་རིགས་དམ་ལ་བཏགས། །སྦྱོར་སྒྲོལ་མཁན་གྱི་ཕ་གཅིག་ཨོ་རྒྱན་མཁྱེན། །ཕྱི་རབས་མི་ལ་ས་འོག་གཏེར་གྱིས་བཀང་། །ཐུགས་རྗེས་མི་གཏོང་ཕ་གཅིག་ཨོ་རྒྱན་མཁྱེན། །བརྒྱ་དང་བཅུ་གཅིག་བོད་ཀྱི་ཡུལ་དུ་བཞུགས། །བོད་རྣམས་ཀུན་གྱི་ཕ་གཅིག་ཨོ་རྒྱན་མཁྱེན། །བཀའ་དྲིན་སུམ་ལྡན་བརྩེ་བ་ཆེན་པོས་བསྐྱངས། །བཀའ་དྲིན་འཁོར་མེད་ཕ་གཅིག་ཨོ་རྒྱན་མཁྱེན། །སྲིན་པོ་འདུལ་དུ་རྔ་ཡབ་གླིང་དུ་གཤེགས། །བོད་ཁམས་མི་རེའི་ཁོག་ནས་སྙིང་རེ་ཐོན། །ཐུགས་རྗེས་གཟིགས་དང་ཕ་གཅིག་ཨོ་རྒྱན་རྗེ། །བོད་ཁམས་མི་རེའི་མགོ་ནས་ཉི་རེ་ནུབ། །ཐུགས་རྗེས་གཟིགས་དང་ཕ་གཅིག་ཨོ་རྒྱན་མཁྱེན། །སྔོན་ཆད་བོད་ཁམས་འདི་ལ་བཀའ་དྲིན་ཆེ། །ད་ནི་མི་རྣམས་ཀུན་གྱི་མིག་ཆུ་ཟག །ཐུགས་རྗེ་གཟིགས་དང་ཕ་གཅིག་ཨོ་རྒྱན་མཁྱེན། །ཟངས་མདོག་དཔལ་རིར་སྲིན་པོ་འདུལ་བའི་དུས། །སྐྱབས་མེད་ངེད་ལ་གཟིགས་དང་ཕ་གཅིག་རྗེ། །ཡར་ངོ་མར་ངོའི་ཚེས་བཅུའི་དུས་ཆེན་ལ། །སྐྱབས་མེད་ངེད་ལ་གཟིགས་དང་ཕ་གཅིག་རྗེ། །གུ་རུའི་རྗེས་འཇུག་བརྒྱུད་འཛིན་ངེད་རྣམས་ལ། །མ་ལྟར་བུ་ལ་གཟིགས་དང་ཨོ་རྒྱན་རྗེ། །གུ་རུ་རྗེས་དྲན་ཚེས་བཅུ་དུས་མཆོད་དུས། །དབང་དང་བྱིན་རླབས་མཛོད་དང་ཨོ་རྒྱན་རྗེ། །མ་རིག་དུག་ལྔའི་མེ་དཔུང་འབར་བའི་དུས། །ཐུགས་རྗེའི་ཆུ་རྒྱུན་ཕོབས་དང་ཨོ་རྒྱན་རྗེ། །གཞན་ཕན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དུས། །གདུལ་བྱ་སྨིན་པར་མཛོད་དང་ཨོ་རྒྱན་རྗེ། །གུ་རུ་སྐུ་གསུམ་སྒྲུབ་པ་བྱེད་པའི་དུས། །མཆོག་ཐུན་དངོས་གྲུབ་སྩོལ་དང་ཨོ་རྒྱན་རྗེ། གཏུམ་མོའི་བདེ་དྲོད་ལུས་ལ་སྒོམ་པའི་དུས། བྱིན་རླབས་མེ་དཔུང་སྐྱེད་དང་ཨོ་རྒྱན་རྗེ། །དག་དང་མ་དག་སྒྱུ་ལུས་སྦྱང་བའི་དུས། །འཁོར་བའི་སྣང་ཞེན་ཆོད་པར་བྱིན་གྱིས་རློབས། །དག་པའི་ཞིང་ཁམས་འབྱོང་བར་བྱིན་གྱིས་རློབས། །མ་རིག་འཁྲུལ་པའི་རྨི་ལམ་སྦྱང་བའི་དུས། །རང་རིག་བག་ཆགས་གྲོལ་བར་བྱིན་གྱིས་རློབས། །མཆོག་གི་འོད་གསལ་ཐོབ་པར་བྱིན་གྱིས་རློབས། །འཆི་བ་ཆོས་སྐུར་འབྱོང་བར་བྱིན་གྱིས་རློབས། །བར་དོ་ལོངས་སྐུ་འབྱོང་བར་བྱིན་གྱིས་རློབས། །སྤྲུལ་པས་ཁམས་གསུམ་འཁོར་བ་དོང་སྤྲུགས་ཤོག །གུ་རུའི་བཀའ་རྣམས་ཚུལ་བཞིན་སྒྲུབ་པའི་དུས། །ཐུགས་རྗེས་ཡང་ཡང་གཟིགས་དང་གུ་རུ་རྗེ། །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །གུ་རུ་ཁྱེད་དང་འབྲལ་མེད་སྨོན་ལམ་འདེབས། །གུ་རུ་རྗེ་འབངས་ཟངས་མདོག་དཔལ་རིར་གཤེགས། །ལས་ངན་བདག་ནི་བོད་ཡུལ་དབུས་སུ་ལུས། །ཕ་གཅིག་ཐུགས་རྗེས་གཟིགས་དང་ཨོ་རྒྱན་རྗེ། །ཨོ་རྒྱན་མངོན་དགའ་མེ་ལོང་ཡེ་ཤེས་གཟིགས། །བདག་ཅག་འཁོར་བར་མ་སྐྱུར་ཨོ་རྒྱན་རྗེ། །ཨོ་རྒྱན་དཔལ་ལྡན་མཉམ་ཉིད་ཡེ་ཤེས་གཟིགས། །བདག་ཅག་འཁོར་བར་མ་སྐྱུར་ཨོ་རྒྱན་རྗེ། །ཨོ་རྒྱན་བདེ་ཆེན་སོར་རྟོག་ཡེ་ཤེས་གཟིགས། །བདག་ཅག་འཁོར་བར་མ་སྐྱུར་ཨོ་རྒྱན་རྗེ། །ཨོ་རྒྱན་ལས་རབ་བྱ་གྲུབ་ཡེ་ཤེས་གཟིགས། །བདག་ཅག་འཁོར་བར་མ་སྐྱུར་ཨོ་རྒྱན་རྗེ། །ཨོ་རྒྱན་འོག་མིན་ཆོས་དབྱིངས་ཡེ་ཤེས་གཟིགས། །བདག་ཅག་འཁོར་བར་མ་སྐྱུར་ཨོ་རྒྱན་རྗེ། །བདག་ཅག་ནམ་ཞིག་ཚེ་ཡི་དུས་བྱེད་དུས། །ནད་གཅོད་སྡུག་བསྔལ་དྲག་པོ་མི་འབྱུང་ཞིང་། །ཨོ་རྒྱན་ཐུགས་རྗེས་ལམ་སྣ་འདྲེན་དུ་གསོལ། །ཕ་གཅིག་ཁྱེད་དང་སྐད་ཅིག་འབྲལ་མེད་ཤོག །བཟང་ངན་ལས་ཀྱི་འབྲེལ་པ་ཐོབ་ཚད་ཀུན། །ཨོ་རྒྱན་ཁྱེད་ཀྱིས་བྱིན་གྱིས་བརླབས་ནས་ཀྱང་། །ཕ་གཅིག་ཁྱེད་དང་སྐད་ཅིག་འབྲལ་མེད་ཤོག །མ་གྱུར་མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀུན། །ཨོ་རྒྱན་ཐུགས་རྗེས་ལམ་སྣ་འདྲེན་དུ་གསོལ། །ཕ་གཅིག་ཁྱེད་དང་སྐད་ཅིག་འབྲལ་མེད་ཤོག །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །ཕ་གཅིག་ཨོ་རྒྱན་ཁྱེད་དང་འབྲལ་མེད་ཤོག །ཕ་གཅིག་ཨོ་རྒྱན་ཁྱེད་ཀྱི་ཐུགས་རྗེས་ཟུངས། །ཕ་གཅིག་ཨོ་རྒྱན་པདྨ་བྱུང་གནས་མཁྱེན། །ཕ་གཅིག་ཨོ་རྒྱན་པདྨ་འབྱུང་གནས་མཁྱེན། །ཕ་གཅིག་ཨོ་རྒྱན་པདྨ་འབྱུང་གནས་མཁྱེན། །ཨོ་རྒྱན་རྒྱང་འབོད་མཁྱེན་གསོལ་འདི་ཡང་། མཆོག་གི་རྟོགས་ལྡན་ཨོ་རྒྱན་ཆོས་དར་བསྐུལ་ངོར། ཚངས་དབྱངས་རྒྱ་མཚོས་གསོལ་བ་བཏབ་པས་ཨོ་རྒྱན་རིན་པོ་ཆེ་ལ་སྐྱེ་བ་ཚེ་རབས་ཐམས་ཅད་དུ་འབྲལ་བ་མེད་པའི་རྒྱུར་གྱུར་ཅིག ཡི་གེ་པ་་ནི་བསྐུལ་བ་པོ་ཡིས་བགྱིས་པའོ།། །།