མནའ་སྡིག་བཤཊ་པ་ངན་སོང་ཀུན་འཇོམས་རིན་ཆེན་ཕྲེང་བ་བཞུགས་སོ༔ སྒྲ་ཡིག

文化   2024-10-19 18:14   西藏  

མནའ་སྡིག་བཤགས་པ་ངན་སོང་ཀུན་འཇོམས་རིན་ཆེན་ཕྲེང་བ༔


སུྃ་ཊ་ཊ་དྷ་ཟླ་ངྒོཾ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨཱརྱ་ལོ་ཀེ་ཤྭ་ར་ན་མོ༔ ཐུགས་རྗེའི་མངའ་བདག་འཕགས་མཆོག་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ༔ བསྐལ་པ་སྙིགས་མའི་སེམས་ཅན་སྐྱེ་འགྲོ་ལས་ངན་པ་རྣམས་ཀྱི་མནའ་སྡིག་བཤགས་པའི་ཐབས་ངན་སོང་གསུམ་གྱི་སྐྱེ་སྒོ་རྩད་ནས་གཅོད་པའི་གསེར་གྱི་སྤུ་གྲི༔ ལས་དང་ཉོན་མོངས་བག་ཆགས་ཀྱི་སྒྲིབ་པ་འདག་པར་བྱེད་པའི་ཟག་མེད་བདུད་རྩིའི་བུམ་པ༔ འཕགས་པ་རྣམས་ཀྱི་ཐུགས་རྗེའི་ལྕགས་ཀྱུའི་གཟུངས་ཐག༔ མཐོ་རིས་ཐར་ལམ་བགྲོད་པའི་ཐེམ་སྐས༔ བདེ་ཆེན་ཞིང་དུ་དྲངས་པའི་ས་མཁན༔ རྒྱལ་བའི་ལྷ་ཞལ་མཇལ་བའི་སྒྲོན་མེ་ཞེས་བྱ་བ༔ འཕགས་པ་སྤྱན་རས་གཟིགས་ཀྱི་སྤྱན་ཆབ་གཡས་གཡོན་དུ་བྱུང་བའི་ལྷ་མོ་སྒྲོལ་མ་གཉིས་ཀྱིས་འགྲོ་བ་རིགས་དྲུག་ལ་གཟིགས་པས་སངས་རྒྱས་བསྟན་པའི་སྙིགས་མའི་དུས་ཀྱི་མི་རྣམས་ལས་ངན་པའི་དབང་གིས་ཉོན་མོངས་པའི་མུན་པ་འཐིབས་ནས་མནའ་དང་སྡིག་པ་མི་དགེ་བ་བཅུའི་ལས་བསགས་པའི་ངན་སོང་གསུམ་གྱི་སྡུག་བསྔལ་བརྗོད་དུ་མེད་པ་མཐོང་ནས༔ ལུས་ས་ལ་བརྡབས་གདུང་བའི་ཤུགས་ཀྱིས་མཆི་མ་ཕྱུངས་ཏེ༔ འཕགས་པའི་སྤྱན་སྔར་ཞུས་པ༔ ཀྱེ་མ་འཕགས་མཆོག་སྤྱན་རས་གཟིགས༔ འཇིག་རྟེན་མགོན་པོ་ཐབས་ལ་མཁས༔ བསྐལ་པ་སྙིགས་མར་སྐྱེ་བའི་མི༔ དགེ་བ་བཅུ་ལ་མི་མོས་ཤིང༔ མི་དགེ་བཅུ་ཡི་ལམ་ལ་འཇུག༔ ལས་ངན་བསགས་པས་ལུས་ངན་ཐོབ༔ མནའ་སྡིག་འཇིག་རྟེན་ཁམས་ནས་བསགས༔ འབྲས་བུ་དམྱལ་བའི་གནས་སུ་སྨིན༔ གཤིན་རྗེའི་ཕོ་ཉ་ཞལ་རེ་རྔམས༔ དགེ་སྡིག་གྲངས་རྩིས་རྡུལ་བས་ཞིབ༔ དམྱལ་བའི་སྡུག་བསྔལ་ཨ་ཙ་མ༔ ཚ་བའི་དམྱལ་བ་ཡ་རེ་ང༔ གྲང་བའི་སྡུག་བསྔལ་ཡི་རེ་མུག༔ ཉི་ཚེ་ཉི་འཁོར་སྡུག་རེ་བསྔལ༔ ངན་སོང་གསུམ་ལ་བརྗོད་གྲངས་མེད༔ གསོད་གཅོད་ཚེ་ཐུང་ལན་ཆགས་ལས༔ སྐྱེ་ཚད་ཚེ་མཐར་མི་ཕྱིན་འཆི༔ ཤི་ཚེ་དམྱལ་བའི་གནས་སུ་ལྷུང༔ བསྐལ་པ་སྟོང་ཡང་ཐར་མེད་པས༔ ཁོ་མོ་མྱ་ངན་དྲན་མེད་བརྒྱལ༔ འགྲོ་བའི་མགོན་པོས་ཐུགས་རྗེས་གཟིགས༔ མནའ་སྡིག་མི་དགེ་བཤགས་པའི་ཐབས༔ ཉི་མ་སྤྲིན་ལས་འཐོན་པ་བཞིན༔ པདྨ་དྲི་མེད་ཡེ་ཤེས་འོད༔ ཁོ་མོ་ཅག་ལ་བསྟན་དུ་གསོལ༔ ཞེས་ཞུས་པས༔ སྤྱན་རས་གཟིགས་ཀྱིས་བཀའ་སྩལ་པ༔ བྱང་ཆུབ་སེམས་མ་ཁྱེད་ཀྱིས་འགྲོ་བའི་དོན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི་ཤིན་ཏུ་ལེགས་སོ༔ སྔོན་བསྐལ་པ་དང་པོར་སངས་རྒྱས་རྣམ་པར་གཟིགས་དང༔ གཙུག་ཏོར་ཅན་དང༔ ཐམས་ཅད་སྐྱོབ་དང༔ ལོག་པར་དད་སེལ་དང༔འཁོར་བ་འཇིག་དང༔ གསེར་ཐུབ་དང༔ འོད་སྲུངས་དང༔ ཤཱཀྱ་ཐུབ་པ་ལ་སོགས་པས༔ ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ་ནའང་ཞལ་སྔར་མ་འཁོད་ཅིང་བཀའ་དང་དམ་ལ་མ་འདུས་པའི་ལྷ་འདྲ་བའམ༔ བདུད་འདྲ་བའམ༔ མི་འདྲ་བ་ལ་སོགས་པ་དུ་མར་ཡོད་པ་རྣམས༔ སངས་རྒྱས་བསྟན་པ་སྙིགས་མའི་དུས་འདིར༔ མི་ལུས་བླངས་ནས༔ ཁ་ཅིག་གིས་ལྷ་མིན་ལྷ་རུ་བརྫུས་ནས་འགྲོ་བའི་མགོ་བསླུ་བྱེད༔ ཁ་ཅིག་ནི་བཙུན་པ་རུ་བརྫུས་ནས་ཚོང་དང་ཁེ་སྤོགས་གཡོ་ཁྲམ་གྱི་ལས་ལ་འཇུག༔ ཁ་ཅིག་དཀའ་ཐུབ་དང༔ བཙུན་མའི་གོས་མདོག་བསྒྱུར་ནས་དམ་ཚིག་དང་སྡོམ་པ་མི་བསྲུང་བས་སངས་རྒྱས་ཀྱི་བསྟན་པ་བཤིག༔ ཁ་ཅིག་གིས་དཀོར་རྫས་ལ་རློམ་སེམས་དང་གཡོ་སྒྱུ་ཟོལ་ཟོག་བྱས་ནས་མནའ་སྡིག་གི་གཞི་འཛིན༔ ཁ་ཅིག་གིས་མི་དཔོན་དང་གཙོ་བོའི་ཚུལ་བཟུང་ནས་གཡུལ་འཁྲུག་དང་འཐབ་རྩོད་བྱེད༔ ཁ་ཅིག་གིས་སྐྱེ་བོ་ཕལ་པའི་ཚུལ་གྱིས་དགེ་བ་བཅུ་ལ་མི་མོས་ཤིང༔ མི་དགེ་བ་བཅུའི་ལམ་ནས་དམྱལ་བའི་ལས་གསོག་པའི་བུད་མེད་ཁྱི་མོ་དང་འདྲ་བ་ལས་མནའ་དང་སྡིག་པའི་གཞི་མ་བྱེད་པའི་དུས་དེར༔ སྤྱན་རས་གཟིགས་ཀྱི་མདོ་པདྨ་དྲི་མེད་དཀར་པོ་ཞེས་བྱ་བ་འདི་ཉིད༔ ཐུགས་རྗེ་ཆེན་པོའི་སྤྲུལ་པའི་གང་ཟག་ལས་ཅན་རེ་རེས་འབད་པ་བསྐྱེད་དེ་ཉམས་སུ་བླངས་ནས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཚན་ནས་བརྗོད་ཅིང་བརྐྱང་ཕྱག་འཚལ་བས་སྐྱེ་འགྲོ་ཁ་ཅིག་གིས་ལས་ངན་སྡིག་སྒྲིབ་སྦྱངས་ནས་ངན་སོང་གསུམ་གྱི་དུཿཁ་ལས་ཐར་ཅིང་འཕགས་པ་སྤྱན་རས་གཟིགས་ཀྱི་ཞིང་དེར་བརྫུས་ཏེ་སྐྱེ་བར་ཐེ་ཚོམ་མེད་དོ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ རྗེ་བཙུན་སྒྲོལ་མ་འཇིགས་སྐྱོབ་དཔལ༔ ཡི་གེ་དྲུག་མའི་སྒྲ་དབྱངས་སྒྲོགས༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ དགོངས་པའི་ཡང་སྙིང་ཡི་གེ་དྲུག༔ ལན་གཅིག་བརྗོད་པའི་ཕན་ཡོན་ནི༔ རྒྱལ་བ་ཀུན་གྱིས་བརྗོད་མི་ལངས༔ བསྐལ་པ་བརྒྱ་ཡི་སྡིག་སྒྲིབ་རྣམས༔ ཡི་གེ་དྲུག་མའི་འོད་ཟེར་གྱིས༔ མུན་པ་ལ་ནི་ཉི་ཤར་བཞིན༔ སྡིག་སྒྲིབ་དག་ནས་བདེ་ཆེན་ཐོབ༔ འགྲོ་དྲུག་སེམས་ཅན་བདེ་བའི་ཐབས༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི༔ མཐུ་སྟོབས་བྱིན་རླབས་གཅིག་བསྡུས་ནས༔ གསང་སྔགས་རྒྱལ་པོ་ཡི་གེ་དྲུག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ངན་སོང་གསུམ་གྱི་སྒོ་གཏན་ཡིན༔ སྐྱེ་སྒོ་གཅོད་པའི་སྤུ་གྲི་ཡིན༔ དམྱལ་བ་འཇོམས་པའི་སེག་བརྡར་ཡིན༔ ཐར་ལམ་བགྲོད་པའི་ཤིང་རྟ་ཡིན༔ མཐོ་རིས་འདྲེན་པའི་ཐེམ་སྐས་ཡིན༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ རིགས་གསུམ་མགོན་པོ་བྱམས་པ་དང༔ འཇམ་དབྱངས་རྒྱལ་བ་རིགས་ལྔ་དང༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ མཐུ་སྟོབས་བྱིན་རླབས་ཨཱོཾ་ལ་བསྟིམ༔ འཆི་འཕོ་ལྟུང་བྱེད་སྡུག་བསྔལ་སྦྱངས༔ ལྷ་ཡུལ་སྐྱེ་བའི་གཡང་ས་གཅོད༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཤེས་རབ་ཕ་རོལ་ཕྱིན་མ་དང༔ རྗེ་བཙུན་སྒྲོལ་མ་ཁྲོ་གཉེར་མ༔ ཁྲོ་མོ་མ་ཚོགས་ཐམས་ཅད་ཀྱི༔ མཐུ་སྟོབས་བྱིན་རླབས་མ་ལ་བསྟིམ༔ གསོད་གཅོད་འཐབ་རྩོད་སྡུག་བསྔལ་སྦྱངས༔ ལྷ་མིན་སྐྱེ་བའི་གཡང་ས་གཅོད༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ འོད་དཔག་མེད་མགོན་སྣང་མཐའ་ཡས༔ ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི༔ མཐུ་སྟོབས་བྱིན་རླབས་ཎི་ལ་བསྟིམ༔ སྐྱེ་རྒ་ན་འཆིའི་སྡུག་བསྔལ་སྦྱངས༔ མི་རུ་སྐྱེ་བའི་གཡང་ས་གཅོད༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས༔ ཕྱག་སྟོང་སྤྱན་སྟོང་བཅུ་གཅིག་ཞལ༔ སེམས་དཔའ་སྟོང་དང་སེམས་མ་སྟོང༔ མཐུ་སྟོབས་བྱིན་རླབས་པད་ལ་བསྟིམ༔ གསོད་གཅོད་རྨོས་བཀོལ་སྡུག་བསྔལ་སྦྱངས༔ བྱོལ་སོང་སྐྱེ་བའི་གཡང་ས་གཅོད༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿརབ་བདུན་ཤཱཀྱ་ཐུབ་པ་དང༔ འདས་དང་མ་བྱོན་ད་ལྟར་གྱི༔ བསྐལ་བཟང་སངས་རྒྱས་སྟོང་རྩ་ཡི༔ མཐུ་སྟོབས་བྱིན་རླབས་མེ་ལ་བསྟིམ༔ གྲང་ལྟོགས་བཀྲེས་སྐོམ་སྡུག་བསྔལ་སྦྱངས༔ ཡི་དྭགས་སྐྱེ་བའི་གཡང་ས་གཅོད༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ མཐུ་སྟོབས་ཕྱག་ན་རྡོ་རྗེ་དང༔ ཁྲག་འཐུང་རིགས་ལྔ་ཡབ་དང་ཡུམ༔ ཞི་ཁྲོ་རྒྱལ་བའི་དཀྱིལ་འཁོར་གྱི༔ མཐུ་སྟོབས་བྱིན་རླབས་ཧཱུྃ་ལ་བསྟིམ༔ ཚ་གྲང་བཙོ་སྲེག་སྡུག་བསྔལ་སྦྱངས༔ དམྱལ་བར་སྐྱེ་བའི་གཡང་ས་གཅོད༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཡི་གེ་དྲུག་མ་འདི་བཟླས་པས༔ ཉོན་མོངས་དུག་ལྔ་དབྱིངས་སུ་ཞི༔ ཡེ་ཤེས་ལྔ་ལྡན་དགོངས་པ་ཤར༔ རིགས་དྲུག་སྐྱེ་བའི་གཡང་ས་གཅོད༔ སྐུ་དྲུག་ཡེ་ཤེས་དྲུག་ལྡན་དང༔ བྱང་ཆུབ་སེམས་དཔའི་ས་ཆེན་རྫོགས༔ སྤྱན་རས་གཟིགས་ཀྱི་གོ་འཕང་ཐོབ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿའཕགས་པ་སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ༔ ཨེ་མ་ཧོ༔ ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་བ་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ༔ མཆོད་དོ༔སྐྱབས་སུ་མཆིའོ༔ བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་མནའ་དང་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ༔ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སངས་རྒྱས་འོད་དཔག་མེད་མགོན་ཀུན་ནས་བཀོད་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ མཚམས་མེད་པ་ལྔ་བྱས་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སངས་རྒྱས་སྣང་བ་མཐའ་ཡས་ཟླ་བ་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ མི་དགེ་བ་བཅུའི་ལས་བགྱིས་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སངས་རྒྱས་རྣམ་པར་གཟིགས་དྲི་མ་མེད་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ རྡོ་རྗེ་སློབ་དཔོན་གྱི་སྐུ་ལ་བསྡོས་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སངས་རྒྱས་དབུའི་གཙུག་ཏོར་ཅན་ཀུན་འབྱུང་རྒྱལ་བའི་ཡོན་ཏན་ལ་ཕྱག་འཚལ་ལོ༔ ཕ་བསད་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སངས་རྒྱས་ལེགས་པའི་བློ་གྲོས་སཱ་ལའི་དབང་པོའི་སྟོབས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ མ་བསད་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སངས་རྒྱས་ཐམས་ཅད་ཀུན་སྐྱོབ་འཁོར་བ་འཇིགས་བྲལ་མཆོག་ལ་ཕྱག་འཚལ་ལོ༔ དགྲ་བཅོམ་ཕ་བསད་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སངས་རྒྱས་ཀུན་ནས་སྣང་བ་དམ་པའི་དཔལ་ལ་ཕྱག་འཚལ་ལོ༔ དགྲ་བཅོམ་མ་བསད་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སངས་རྒྱས་གདུགས་དམ་པའི་དཔལ་ལ་ཕྱག་འཚལ་ལོ༔ དགེ་སློང་ཕ་བསད་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སངས་རྒྱས་པདྨ་དམ་པའི་དཔལ་ལ་ཕྱག་འཚལ་ལོ༔ དགེ་སློང་མ་བསད་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སངས་རྒྱས་འཆི་མེད་རྔ་སྒྲའི་རྒྱལ་པོ་ཞེས་བྱ་བ་ཤ་སྟག་དགུ་ཁྲི་ཉིས་སྟོང་ལ་ཕྱག་འཚལ་ལོ༔ དགེ་བསྙེན་ཕ་བསད་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སངས་རྒྱས་མར་མེ་མཛད་ཅེས་བྱ་བ་ཤ་སྟག་དྲུག་ཁྲི་དྲུག་སྟོང་ལ་ཕྱག་འཚལ་ལོ༔ དགེ་བསྙེན་མ་བསད་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སངས་རྒྱས་ཐུབ་པའི་དབང་པོ་སྟོབས་ཆེན་རྒྱལ་པོ་ལ་ཕྱག་འཚལ་ལོ༔ དགེ་ཚུལ་ཕ་བསད་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སངས་རྒྱས་འོད་མཛད་ཡེ་ཤེས་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ དགེ་ཚུལ་མ་བསད་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སངས་རྒྱས་རྡོ་རྗེའི་སྙིང་པོ་མི་འཁྲུགས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ སྐྱེས་བུ་ཕལ་པ་བསད་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སངས་རྒྱས་རིན་ཆེན་མེ་ཏོག་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ༔ བུད་མེད་བསད་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སངས་རྒྱས་པདྨ་ཤིན་ཏུ་རྒྱས་པ་རྣམ་པར་གནོན་པ་ལ་ཕྱག་འཚལ་ལོ༔ མི་དཔོན་དང་གཙོ་བོ་བསད་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿསངས་རྒྱས་འཇམ་པའི་དབྱངས་ཤེས་རབ་ཀུན་མཁྱེན་ལ་ཕྱག་འཚལ་ལོ༔ རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་བསད་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿསངས་རྒྱས་དྲི་མ་མེད་པའི་རྒྱལ་པོ་བྱང་ཆུབ་འབྱུང་གནས་ལ་ཕྱག་འཚལ་ལོ༔ དུག་སྦྱོར་བྱས་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སངས་རྒྱས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ༔ ཕག་བསད་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སངས་རྒྱས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ སྦྲུལ་བསད་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སངས་རྒྱས་རིན་ཆེན་འབྱུང་ལྡན་ལ་ཕྱག་འཚལ་ལོ༔ རྟ་བསད་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སངས་རྒྱས་སྣང་བ་མཐའ་ཡས་ལ་ཕྱལ་འཚལ་ལོ༔ བྱ་རིགས་བསད་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སངས་རྒྱས་དོན་ཡོད་གྲུབ་པ་ལ་ཕྱག་འཚལ་ལོ༔ ཁྱི་བསད་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སངས་རྒྱས་རྒྱལ་བྱིན་ཀླུའི་དབང་པོ་ལ་ཕྱག་འཚལ་ལོ༔ སྦལ་པ་དང་སྡོམ་སྡིག་ཉ་ལྕོང་ལ་སོགས་བསད་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སངས་རྒྱས་མེ་འོད་རབ་ཏུ་གསལ་བ་ལ་ཕྱག་འཚལ་ལོ༔ འཕྱི་བ་དང་གྲུམ་པ་བསད་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སངས་རྒྱས་མཐུ་སྟོབས་མངའ་བདག་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ༔ སྟག་གཟིག་དོམ་དྲེད་འཕར་སྤྱང་གཅན་གཟན་ལ་སོགས་བསད་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སངས་རྒྱས་བྱང་ཆུབ་སྒྲོན་མ་ཉི་མའི་འོད་ཀྱི་ཕྲེང་བ་ལ་ཕྱག་འཚལ་ལོ༔ མར་མེའི་འོད་བསད་པ་དང་རློམ་སེམས་བྱས་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སངས་རྒྱས་སྡེ་མཚོན་ཆས་དཔའ་བར་སྟོན་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ གཡུལ་འཁྲུག་དང་འཐབ་རྩོད་བྱས་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿསངས་རྒྱས་ཟླ་བའི་དཔལ་ཀུན་མཁྱེན་ཡེ་ཤེས་རྒྱལ་པོ་ལ་ཕྱག་འཚལ་ལོ༔ སྤྲེའུ་བསད་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སངས་རྒྱས་རིན་ཆེན་མང་དཔའ་བོ་རབ་དགྱེས་སེང་གེ་རབ་གསལ་ལ་ཕྱག་འཚལ་ལོ༔ འཕྲོག་བཅོམ་བྱས་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སངས་རྒྱས་གླང་པོ་དམ་པའི་མཐུ་སྟོབས་དཔལ་ལ་ཕྱག་འཚལ་ལོ༔ སྒོ་ནོར་གྱི་རིགས་བསད་པའི་བསད་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སངས་རྒྱས་ཆུ་ལྷའི་དཔལ་པདྨ་དཀར་པོ་དྲི་མ་མེད་པ་ལ་ཕྱག་འཚལ་ལོ༔ ར་ལུག་བསད་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ 
ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སངས་རྒྱས་སྤོས་ཀྱི་གླང་པོ་དཔའ་བར་འགྲོ་བའི་སྟོབས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ གླང་པོ་དང་ཁལ་མཛོ་བསད་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སངས་རྒྱས་དྲི་མ་དང་བྲལ་བའི་འཇིག་རྟེན་དབང་ཕྱུག་ཡེ་ཤེས་འོད་ལ་ཕྱག་འཚལ་ལོ༔ རི་དྭགས་བསད་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སངས་རྒྱས་རྒྱལ་བའི་དབང་པོ་རྣམ་པར་གནོན་པ་ལ་ཕྱག་འཚལ་ལོ༔ ཤིག་དང་ལྗི་བ་ལ་སོགས་སྲོག་ཆགས་ཕྲ་མོ་བསད་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སངས་རྒྱས་རྒྱན་དང་ལྡན་པ་རིན་ཆེན་ཟླ་བའི་འོད་ལ་ཕྱག་འཚལ་ལོ༔ རྨོ་བཀོལ་བྱས་པ་དང་ཁལ་རྟ་ལ་སོགས་ཞོན་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སངས་རྒྱས་མོས་པ་མཐའ་ཡས་དོན་ཡོད་ཞགས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ གཡོ་སྒྱུ་དང་ཟོལ་ཟོག་ཁེ་སྤོགས་བྱས་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ འཕགས་པ་ནམ་མཁའི་རྒྱལ་པོ་ཕྱག་སྟོང་སྤྱན་སྟོང་འཁོར་བ་དོང་སྤྲུགས་ལ་ཕྱག་འཚལ་ལོ༔ ཡུལ་ཞིང་དང་མཁར་ཁྱིམ་གཉེན་འདུན་ལ་སོགས་པ་ཚོགས་ངན་བྱས་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཛེས་པའི་ཏོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ མ་བྱིན་པ་བླངས་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོ་ལ་ཕྱག་འཚལ་ལོ༔ མི་གཙང་བ་སྤྱོད་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ འདོད་ལོག་བྱས་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་ལོ༔ རྫུན་སྨྲས་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ ཕྲ་མ་སྨྲས་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་རྣམ་པར་སེལ་པ་ལ་ཕྱག་འཚལ་ལོ༔ ངག་འཁྱལ་སྨྲས་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་ཕྱག་འཚལ་ལོ༔ ཚིག་རྩུབ་སྨྲས་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་ལ་ཕྱག་འཚལ་ལོ༔ བརྣབ་སེམས་བྱས་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་ཐོབ་ལ་ཕྱག་འཚལ་ལོ༔ གནོད་སེམས་བྱས་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ བྱང་ཆུབ་སེམས་དཔའ་སེམས་ཆེན་པོ་བློ་གྲོས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ༔ ལོག་ལྟ་བྱས་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སེམས་མ་ཆེན་མོ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ༔ བླ་མ་རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་བྲལ་གྱི་དཀོར་ལ་རློམ་སེམས་བྱས་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སེམས་མ་ཆེན་མོ་ལཱ་སྱ་མ་ལ་ཕྱག་འཚལ་ལོ༔ མཆོད་རྟེན་གྱི་དཀོར་ལ་རློམ་སེམས་བྱས་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སེམས་མ་ཆེན་མོ་མཱ་ལྱ་ལ་ཕྱག་འཚལ་ལོ༔ རྒྱལ་བའི་བཀའ་ལ་ཀློག་རྫུན་དང་རས་ཆད་བྱས་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿསེམས་མ་ཆེན་མོ་གཱིརྟི་མ་ལ་ཕྱག་འཚལ་ལོ༔ བདེ་བར་གཤེགས་པའི་སྐུ་ལ་ངན་སེམས་ཀྱི་ཁྲག་འབྱིན་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སེམས་མ་ཆེན་མོ་གནྡྷེ་མ་ལ་ཕྱག་འཚལ་ལོ༔ རྒྱལ་བའི་བཀའ་བླུས་ཟས་ཟོས་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སེམས་མ་ཆེན་མོ་པུཥྤེ་མ་ལ་ཕྱག་འཚལ་ལོ༔ རྒྱལ་བའི་སྐུ་གསུང་ཐུགས་རྟེན་བཤིག་ཅིང་བསྲེགས་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སེམས་མ་ཆེན་མོ་དྷཱུ་པེ་མ་ལ་ཕྱག་འཚལ་ལོ༔ སྐུ་གསུང་ཐུགས་རྟེན་གྱི་རིན་ཟོས་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སེམས་མ་ཆེན་མོ་ཨཱ་ལོ་ཀེ་ལ་ཕྱག་འཚལ་ལོ༔ ཚུལ་ཁྲིམས་ཉམས་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿསེམས་མ་ཆེན་མོ་ནིརྟི་མ་ལ་ཕྱག་འཚལ་ལོ༔ དགེ་འདུན་གྱི་དཀོར་ཟོས་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སེམས་མ་ཆེན་མོ་སྒྲོལ་མ་དཀར་སྔོན་ལ་ཕྱག་འཚལ་ལོ༔ དཀའ་ཐུབ་ཀྱི་སྡོམ་པ་ཉམས་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཀུན་ཏུ་བཟང་པོ་དང༔ སངས་རྒྱས་ཀྱི་རིགས་དང༔ རྡོ་རྗེ་རིགས་དང༔ རིན་པོ་ཆེའི་རིགས་དང༔ པདྨའི་རིགས་དང༔ ལས་ཀྱི་རིགས་ལ་སོགས་པའི་རིགས་ཀྱི་ཡབ་རྣམས་ལ་ཕྱག་འཚལ་ལོ༔ སྒྲུབ་པར་བྱ་བའི་དམ་ཚིག་ཉམས་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཀུན་ཏུ་བཟང་མོ་དང༔ དབྱིངས་ཕྱུག་མ་དང༔ སངས་རྒྱས་སྤྱན་མ་དང༔ མཱ་མ་ཀཱི་དང༔ གོས་དཀར་མོ་དང༔ དམ་ཚིག་སྒྲོལ་མ་ལ་སོགས་པའི་རིགས་ཀྱི་ཡུམ་རྣམས་ལ་ཕྱག་འཚལ་ལོ༔ དང་དུ་བླངས་པའི་དམ་ཚིག་ཉམས་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཆེ་མཆོག་ཧེ་རུ་ཀ་དང༔ བུདྡྷ་ཧེ་རུ་ཀ་དང༔ བཛྲ་ཧེ་རུ་ཀ་དང༔ རཏྣ་ཧེ་རུ་ཀ་དང༔ པདྨ་ཧེ་རུ་ཀ་དང༔ ཀརྨ་ཧེ་རུ་ཀ་ལ་སོགས་པའི་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ༔ སྤྱད་པར་བྱ་བའི་དམ་ཚིག་ཉམས་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཀྲོ་དྷི་ཤྭ་རི་མ་དང༔ སངས་རྒྱས་མཁའ་འགྲོ་དང༔ རྡོ་རྗེ་མཁའ་འགྲོ་དང༔ རིན་ཆེན་མཁའ་འགྲོ་དང༔ པདྨ་མཁའ་འགྲོ་དང༔ ལས་ཀྱི་མཁའ་འགྲོ་མ་ལ་སོགས་པའི་ཁྲོ་མོའི་ཚོགས་རྣམས་ལ་ཕྱག་འཚལ་ལོ༔ མི་སྤངས་པའི་དམ་ཚིག་ཉམས་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ གནས་ཀྱི་མ་མོ་བརྒྱད་དང༔ ཡུལ་གྱི་སིང་ཧ་བརྒྱད་དང༔ ཕྲ་མེན་ལས་བྱེད་བཞི་དང༔ དབང་མོ་ཉི་ཤུ་རྩ་བརྒྱད་ལ་སོགས་པའི་རྣལ་འབྱོར་མའི་ཚོགས་རྣམས་ལ་ཕྱག་འཚལ་ལོ༔ ཤེས་པར་བྱ་བའི་དམ་ཚིག་ཉམས་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སློབ་དཔོན་པདྨ་དང༔ ཀླུ་སྒྲུབ་སྙིང་པོ་དང༔ དཔལ་ཨ་ཏི་ཤ་དང༔ དཔལ་ནཱ་རོ་པ་དང༔ དཔལ་བི་ཝ་པ་དང༔ སངས་རྒྱས་གསང་བ་དང༔ རོ་ལངས་བདེ་བ་དང༔ ཧཱུྃ་ཆེན་ཀ་ར་དང༔ དྲི་མེད་བཤེས་གཉེན་དང༔ རྡོ་རྗེ་སློབ་དཔོན་ལ་སོགས་པའི་རིག་པ་འཛིན་པ་རྣམས་ལ་ཕྱག་འཚལ་ལོ༔ ནང་གསང་སྔགས་ཀྱི་དམ་ཚིག་ཉམས་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཉན་ཐོས་དང༔ རང་སངས་རྒྱས་དང༔ དགྲ་བཅོམ་པ་དང༔ བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ༔ བར་བྱང་སེམས་ཀྱི་སྡོམ་པ་ཉམས་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ༔ ཕྱི་ཉན་ཐོས་ཀྱི་འདུལ་ཁྲིམས་ཉམས་པའི་མནའ་དང་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་བདེ་བར་གཤེགས་པ་བྱེ་བ་དུང་ཕྱུར་ཁྲག་ཁྲིག་བརྒྱ་སྟོང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་ངེས་པར་མཉམ་པ་རྣམས་ལ་ཕྱག་འཚལ་ལོ༔ བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སེམས་ཅན་ཕྲ་སྦོམ་གང་གི་སྲོག་བཅད་པ་དང༔ རྒྱལ་བའི་སྐུ་གསུང་ཐུགས་རྟེན་ལ་བཀའ་དཔང་དུ་བཞག་ནས་ཁ་བློ་སྤྱོད་གསུམ་གྱིས་མནའ་གང་བྱས་པའི་ལས་ཉོན་སྡིག་སྒྲིབ་འདག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཤྲཱི་སཏྭ་ཧཱུྃ༔ མནའ་སྡིག་ཐམས་ཅད་ན་ཧུ་ཏ་ཁ་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ སངས་རྒྱས་བསྟན་པའི་སྙིགས་མའི་མཐར་ཐུག་དུས༔ ལུང་མེད་ཟོག་པོས་མི་མགོ་བསྐོར་བའི་དུས༔ རང་རྒྱུད་མ་སྨིན་གཞན་དོན་བྱེད་པའི་དུས༔ སེམས་གཞི་མ་གྲོལ་གྲོལ་ཆོས་འཆད་པའི་དུས༔ བཙུན་པ་ཁྲེལ་མེད་གཡོ་ཁྲམ་བྱེད་པའི་དུས༔ སྔགས་པ་ཁྲེལ་མེད་དམ་ཚིག་ཉམས་པའི་དུས༔ དགེ་བཤེས་སྐྱ་ཆས་བྱས་ནས་ཚོང་སྤོགས་དུས༔ དགེ་མ་ཁྲེལ་མེད་ཕྲུ་གུ་གསོད་པའི་དུས༔ དཀོར་ནོར་རྫས་ལ་མནའ་སྡིག་རྫུན་བྱེད་དུས༔ སྐྱེ་བོ་རྣམས་ཀྱིས་སྡིག་ལ་སྤྱོད་པའི་དུས༔ ལྷ་འཁྲུགས་མི་འཁྲུགས་མུ་གེ་འཁྲུག་རྩོད་དུས༔ ནག་པོའི་བདུད་བསྟན་ས་སྟེང་ཁྱབ་པའི་དུས༔ མི་ནག་ཁ་ནས་སྒོམ་བཤད་བྱེད་པའི་དུས༔ བུད་མེད་འདྲེ་མོའི་མངོན་ཤེས་གསལ་བའི་དུས༔ ཤི་འདྲེ་ཕོ་མོ་མངོན་རྒྱུག་བྱེད་པའི་དུས༔ ནད་རིགས་མི་གཅིག་གདོན་རྒོད་དར་བའི་དུས༔ ཚེ་ཚད་མི་སླེབས་དུས་མིན་འཆི་བའི་དུས༔ མི་ནད་ཕྱུགས་ནད་ཡམས་ནད་དར་བའི་དུས༔ རྒྱལ་བའི་བཀའ་ལ་རིན་ཐང་རྩོད་པའི་དུས༔ ཕ་སྤུན་ནང་འཁྲུགས་ཡིད་མི་ཆེས་པའི་དུས༔མཆེད་གྲོགས་དབྱེན་བྱེད་རལ་གྲིས་འགུམ་པའི་དུས༔ སྐུ་གསུང་ཐུགས་རྟེན་ནོར་ལ་འཚོང་བའི་དུས༔ སློབ་དཔོན་མི་བསྟེན་རང་བཟོ་བྱེད་པའི་དུས༔ རྒྱ་བོད་ལྟས་བསྒྱུར་ལོག་ཆོས་སྤྱོད་པའི་དུས༔ དབྱར་དགུན་དུས་ནོར་ཆར་ཆུ་མི་སྙོམས་དུས༔ ལོ་ཉེས་སད་སེར་མུ་གེ་འབྱུང་བའི་དུས༔ རྒྱལ་བ་ཤཱཀྱའི་བསྟན་པ་མཐར་ཐུག་དུས༔ དམྱལ་བ་མནར་མེད་ལྟུང་བའི་སེམས་ཅན་མང༔ལས་དང་སྐལ་བར་ལྡན་པའི་གང་ཟག་གིས༔ ཉ་དང་གནམ་སྟོང་མི་མང་ཁྲོམ་ཚོགས་སར༔ རང་ཉིད་ཐུགས་རྗེ་ཆེན་པོའི་སྐུར་བསྒོམ་ནས༔ སྟོང་ཉིད་སྙིང་རྗེ་ཐབས་ཤེས་ཟུང་འཇུག་ངང༔ ལུས་ངག་ཡིད་གསུམ་དད་ཅིང་གུས་པ་ཡིས༔ ཞི་ཁྲོ་རྒྱལ་བའི་དཀྱིལ་འཁོར་ལེགས་པར་བྲིས༔ སྐུ་གསུང་ཐུགས་ཀྱི་རྟེན་རྣམས་རབ་ཏུ་བཀྲམ༔ ཕྱི་ནང་གསང་བའི་མཆོད་པ་རྒྱ་ཆེར་བཤམས༔འཕགས་པ་ཐུགས་རྗེ་ཆེན་པོའི་ཡང་སྙིང་བཅུད༔ མདོ་སྡེ་དྲི་མེད་པདྨ་དཀར་པོ་ལས༔ རྒྱལ་བ་འདི་དག་མཚན་རྣམས་བརྗོད་གྱུར་ན༔ བསྐལ་པ་སྟོང་དུ་བསགས་པའི་སྡིག་སྒྲིབ་འདག༔ རྒྱལ་བ་འདི་དག་ཀུན་གྱི་མཚན་རྣམས་ནི༔ རིན་ཆེན་གསེར་གྱིས་གླེགས་བམ་ལ་བྲིས་ཏེ༔ ཁ་འདོན་བཟླས་དང་འཁོར་ལོ་བསྐོར་གྱུར་ན༔ རང་ཉིད་མཐོང་ཐོས་འབྲེལ་ཚད་ཕོ་མོ་དང༔ ཕ་མས་ཐོག་དྲངས་འགྲོ་བ་རིགས་དྲུག་དང༔ འོག་རྟ་འགེལ་མཛོ་མ་འབྲི་སྒོ་ཁྱི་དང༔ ཡུལ་ཕྱོགས་དེ་ཡི་སྐྱེ་འགྲོ་སེམས་ཅན་གྱི༔ བསྐལ་པ་གསུམ་གྱི་མནའ་དང་སྡིག་སྒྲིབ་འདག༔ བླ་མེད་ཡང་དག་བྱང་ཆུབ་ཐོབ་པར་འགྱུར༔ ཉོན་མོངས་དྲི་བྲལ་ཏིང་འཛིན་ཡེ་ཤེས་འབར༔ འདི་ཉིད་འཆང་དང་འབྲི་ཀློག་སུས་བྱས་པ༔ རྒྱལ་བ་ཀུན་གྱི་སྲས་སུ་འཚང་རྒྱ་ཐོབ༔ འདི་ཉིད་ལན་གཅིག་ཀློག་པའི་ཕན་ཡོན་ནི༔ རྒྱལ་བའི་བཀའ་འགྱུར་ཆེན་མོ་ཀློག་དང་མཚུངས༔ འདི་དང་གང་འཕྲད་གང་ཟག་ལས་ཅན་རྣམས༔ ཉིན་མཚན་རྒྱུན་དུ་ཡི་དམ་འབད་པར་བསྐྱེད༔ སྡིག་པ་ཆུང་ངུ་ཤིག་སྲོ་ཙམ་ཡང་སྤངས༔ དགེ་བ་ཕྲ་མོ་བྱང་ཆུབ་ལམ་ལ་སྤྱོད༔ ཚེ་རབས་ལས་ཉོན་སྡིག་སྒྲིབ་དག་ནས་ཀྱང༔ རྒྱལ་བ་ཀུན་གྱི་དགོངས་པའི་དོན་དང་མཉམ༔ མཐོ་རིས་ཡོན་ཏན་བདུན་ལྡན་སངས་རྒྱས་ཐོབ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ འདི་དང་མ་ཕྲད་སྐལ་མེད་རྣམས༔ ངན་སོང་གསུམ་གྱི་སྡུག་བསྔལ་འཇིགས༔ བུད་མེད་བྱ་རྒོད་མི་རྟ་ཁྱི༔ བསད་དང་མཚམས་མེད་ལས་བྱས་པས༔ དམྱལ་བ་ཚ་གྲང་སྡུག་བསྔལ་ལས༔ བསྐལ་པ་བརྒྱར་ཡང་ཐར་དུས་མེད༔ རྒྱལ་བ་འདི་དག་མཚན་བརྗོད་པས༔ ངན་སོང་དམྱལ་བ་དོང་ནས་སྤྲུག༔ མཐོ་རིས་བདེ་ཆེན་ཐོབ་པར་འགྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཞེ་སྡང་སྦྲུལ་གྱི་སྲོག་བཅད་པས༔ ཕྱི་དབུགས་ཆད་དང་ནང་དབུགས་བར༔ སྦྲུལ་ནག་ཐང་ཤིང་ཙམ་གྱུར་ཏེ༔ ལུས་པོ་དཀྲིས་ནས་རྣ་བར་བུད༔ འཕགས་པའི་ཞལ་ཡང་མི་མཐོང་ངོ༔ ཆོས་ཀྱི་སྒྲ་ཡང་མི་ཐོས་སོ༔ རི་རབ་ཆེན་པོ་ས་ཡི་འོག༔ ཀླུ་ནག་འདམ་འཛིན་འཁོར་དུ་སྐྱེ༔ ངན་སོང་དམྱལ་བའི་སྡུག་བསྔལ་མྱོང༔ རྒྱལ་བ་འདི་དག་མཚན་བརྗོད་པས༔ འོད་གསལ་ཡེ་ཤེས་ཉི་མ་ཤར༔ ཆོས་སྒྲ་ཆེན་པོས་སྟོང་གསུམ་ཁྱབ༔ འཕགས་པའི་ཐུགས་རྗེའི་ལྕགས་ཀྱུ་འཕྲོས༔ ངན་སོང་དམྱལ་བའི་གནས་ནས་ཐར༔ རྡོ་རྗེ་ལྟ་བུའི་དགོངས་པ་ཤར༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཡོན་ཏན་ཅན་གྱིས་སྲོག་བཅད་ན༔ སྐྱེ་བ་གཅིག་ལ་ངན་སོང་མེད༔ དེ་མཐར་དམྱལ་བ་ཤམ་བུ་ལ༔ རྡོ་རྗེ་དམྱལ་བའི་གནས་སུ་ལྟུང༔ བསྐལ་པ་སྟོང་ཡང་ཐར་དུས་མེད༔ རྒྱལ་བ་འདི་དག་མཚན་བརྗོད་པས༔ ཉོན་སྒྲིབ་དག་ནས་དྲན་པས་ཟིན༔ སྡུག་བསྔལ་སྦྱངས་ནས་འགྱོད་བཤགས་བྱས༔ རྡོ་རྗེ་དམྱལ་བའི་གནས་ནས་ཐར༔ ས་བཅུའི་དབང་ཕྱུག་ཐོབ་པར་འགྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ མནའ་ཟོས་པ་ཡི་རྣམ་སྨིན་ནི༔ ལྕགས་ཀྱི་ཁང་སྒྲོམ་འབར་བའི་ནང༔ སྐུ་གསུང་ཐུགས་རྟེན་གྲངས་མེད་ཀྱི༔ རི་རབ་ཆེ་དང་ཁྲོ་ཞུན་ལྗིད༔ ལྟག་པར་མནན་ཅིང་སྨྲ་ལྕེ་དྲངས༔ ལྕགས་ཀྱི་ཐོང་བཤོལ་མེ་འབར་རྨོ༔མནར་མེད་དམྱལ་བའི་གནས་སུ་ལྟུང༔ སྐུ་གསུང་ཐུགས་རྟེན་གང་ཡིན་པ༔ མ་ཟད་བར་དུ་ཐར་པ་མེད༔ རྒྱལ་བ་འདི་དག་མཚན་བརྗོད་པས༔ མནའ་ཟོས་ལས་ཉོན་སྡིག་སྒྲིབ་དག༔ མནར་མེ་དམྱལ་བའི་གནས་ནས་ཐར༔ བདེ་ཆེན་མཐར་ཕྱིན་དགོངས་པ་ཤར༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ བླ་མའི་ནོར་རྫས་ཧ་ལའི་དུག༔ ཁོང་དུ་སོང་བས་འཆི་བ་ཡིན༔ བླ་མའི་ནོར་རྫས་ཚ་བའི་མེ༔ ལུས་ལ་རེག་པས་ཚིག་པ་ཡིན༔ དཀོར་རྫས་དག་ལ་རློམས་སེམས་དང༔ བརྣབ་སེམས་རྐུ་འཕྲོག་བྱས་པའི་རྐྱེན༔ ཡི་དྭགས་ཁ་ལ་མེ་འབར་དང༔ ཡང་ཤི་ཡང་སོས་སྡུག་བསྔལ་མྱོང༔ བསྐལ་པ་བརྒྱར་ཡང་ཐར་དུས་མེད༔ རྒྱལ་བ་འདི་དག་མཚན་བརྗོད་པས༔ འབད་མེད་གཏེར་ལ་ལོངས་སྤྱད་ནས༔ ཡི་དྭགས་བཀྲེས་སྐོམ་སྡུག་བསྔལ་སྦྱངས༔ གསལ་ལ་མི་རྟོག་ཏིང་འཛིན་ཤར༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ རྒྱལ་བ་འདི་དག་གི་ནི་མཚན་རྣམས་ནི༔ བྱ་དང་རི་དྭགས་རྣ་བར་ཐོས་ན་ཡང༔ རིགས་གསལ་ཡེ་ཤེས་བྱང་ཆུབ་ལམ་ལ་འཇུག༔ ཁྱི་དང་བུད་མེད་རྣ་བར་ཐོས་ན་ཡང༔ དུག་ལྔའི་སྒྲིབ་བྲལ་འཁོར་བའི་སྐྱེ་སྒོ་ཆོད༔ འདི་ཉིད་བཞུགས་པའི་ས་ཕྱོགས་ཡུལ་ཁམས་དེར༔ སྐྱེ་འགྲོ་གང་ཞིག་ལས་ཉོན་སྡིག་སྒྲིབ་བྱང༔ སྡེ་བརྒྱད་གདུག་རྩུབ་ཞི་ནས་བྱང་སེམས་ལྡན༔ མི་ནད་ཕྱུགས་ནད་རིམས་ཡམས་མི་འབྱུང་ཞིང༔ སེམས་ཅན་བདེ་སྐྱིད་དཔལ་ལ་ལོངས་སྤྱོད་ནས༔ ཕྱི་མ་བླ་མེད་འབྲས་བུ་ཐོབ་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ འཕགས་པ་ཐུགས་རྗེ་ཆེན་པོའི་མདོ་སྡེ་དྲི་མེད་པདྨ་དཀར་པོ་ཞེས་བྱ་བའི་ཆོས་འདི་དང་ཕྲད་ཚད་སངས་མི་རྒྱ་མི་སྲིད་པས་ཐུགས་རྗེ་ཆེན་པོའི་དམ་ཚིག་གི་ཡང་སྙིང་ཡིན་ཅིང༔ ལྷ་མོ་སྒྲོལ་མ་གཉིས་ཀྱིས་བཀའ་ཡི་བསྡུ་བ་བྱས་ནས༔ ཀླུ་སྒྲུབ་སྙིང་པོའི་སྤྲུལ་པ༔ ཀླུའི་རྒྱལ་མཚན་གྱི་སྐྱེ་བ༔ ཐུགས་རྗེ་ཆེན་པོའི་སྤྲུལ་པ༔ མཆོག་མགོན་ཧཱུྃ་རལ་བདུད་འདུལ་ལ༔ ལྷ་མོ་སྒྲོལ་མ་གཉིས་ཀྱིས་རྫུ་འཕྲུལ་གྱིས་ཤོག་སེར་ལ་སཾ་ཀྲྀ་ཏའི་ཡི་གེ་བྲིས་ཏེ་དངོས་སུ་གཏད་པའི་ཚེ༔ ཐུགས་རྗེ་ཆེན་པོ་པདྨ་དྲི་མེད་ཀྱི་རྣམ་སྤྲུལ་ལས་བྱུང་བའི༔ ཆོས་བདག་པདྨའི་མཚན་ཅན་དང་མཇལ་འཕྲད་མཛད་པའི་ཚེ༔ སྐུ་ལྷ་ཐེ་སེ་དང༔ ཡུལ་ལྷ་བྱའི་རྫི་གཉིས་ཀྱི་བཀས་བསྐུལ་ཏེ༔ འདྲེ་ཡུལ་སེང་གེའི་ཡང་དགོན་ནས་དག་པར་བཀོད་པའོ༔

 ཡི་གེ་པ་ནི་གུ་རུ་རྒྱལ་མཚན་ནོ། །འདི་ལན་གཅིག་བརྗོད་པའི་ཕན་ཡོན་ནི་བཀའ་འགྱུར་ཚར་གཅིག་ཀློག་པ་དང་མཉམ་པར་གསུངས་སོ།། །།

阿魄羊倌
འདིར་འབྲེལ་བ་གྱིས་དང་། ཁྱོད་ལ་མཁོ་བའི་རིག་དངོས་ཀྱིས་སྒུག་ནས་ཡོད་ངེས།
 最新文章