༄༅།།མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་འཁོར་༧༥ལོན་པ་དང་སྐབས་གཉིས་པའི་གེ་སར་རིག་གནས་སློབ་སྦྱོང་དང་བསམ་བློ་བརྗེ་རེས་ཀྱི་བྱ་འགུལ་བྱང་རྟ་རྣ་དགོན་དུ་ཕུན་སུམ་ཚོགས་པོའི་ངང་མཇུག་བསྒྲིལ་བ་རེད།
འདྲེན་ཚིག ཟླ་10པའི་ཚེས་26ཉིན་ནས་ཚེས་27བར་མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་འཁོར་༧༥ལོན་པ་དང་སྐབས་གཉིས་པའི་གེ་སར་རིག་གནས་སློབ་སྦྱོང་དང་བསམ་བློ་བརྗེ་རེས་ཀྱི་བྱ་འགུལ་བྱང་རྟ་རྣ་དགོན་དུ་ཕུན་སུམ་ཚོགས་པོའི་ངང་མཇུག་བསྒྲིལ་བ་རེད། བྱེད་སྒོ་དེས་གླིང་སྒྲུང་རིག་གནས་ལ་དམིགས་ཏེ་ཟུར་ཚད་མང་པོ་དང་རིམ་པ་མང་པོའི་ཐོག་ནས་སྤེལ་རེས་རྒྱ་ཁྱབ་བྱས་པ་རེད། ཞིང་ཆེན་དང་ཁུལ་གྱི་འགོ་ཁྲིད། རིགས་གཅིག་མཁས་ཅན། དེ་བཞིན་རྫོང་གི་འབྲེལ་ཡོད་འགོ་ཁྲིད་དང་འགན་འཁུར་བློ་མཐུན་སོགས་མི་300ལྷག་ཙམ་དེའི་ནང་ཞུགས་ཡོད་པ་རེད།གླེང་སྟེགས་ཐོག་གེ་སར་རིག་པའི་རིགས་གཅིག་མཁས་ཅན་ནོར་བུ་དབང་ལྡན་དང་། འགྱུར་མེད་རྡོ་རྗེ། ཚེ་འགྲུབ། ཐུབ་བསྟན་འབྱུང་གནས་སོགས་ཀྱིས་རིམ་པ་བཞིན་གཏམ་བཤད་བྱས་པ་རེད། རང་རྫོང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ཇི་ལྟར་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྱོང་ཁྲོད་དུ་གེ་སར་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་འཛུགས་སྐྱོང་ལ་རམ་འདེགས་བྱེད་པ་དང་གེ་སར་ཇི་ལྟར་བྱས་ནས་སྔོག་འདོན་དང་དར་སྤེལ་སོགས་ཀྱི་ཐད་ལ་བློ་བསྡུས་དགེ་འཚོལ་དང་གང་བསམ་ལྷུག་གླེང་གིས་གྲོས་བསྡུར་གཏིང་ཟབ་བྱས་པ་རེད། ཚང་མས་རྟ་རྣ་དགོན་ནི་ནང་ཆེན་རྫོང་གེ་སར་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་གྱི་ལྟེ་བ་ཡིན་པ་དང་། ད་ཐེངས་ཀྱི་གླེང་སྟེགས་སྒྲིག་འཛུགས་དེས་ནང་ཆེན་གྱི་རིག་གནས་བྱ་གཞག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཚང་མས་གླིང་སྒྲུང་རིག་གནས་ལ་སྲུང་སྐྱོང་ནུས་ལྡན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག རྒྱུན་འཛིན་གསར་གཏོད་ལ་མཐོང་ཆེན་བྱས་ཏེ་ཞིབ་འཇུག་གསར་སྤེལ་དང་སྲུང་སྐྱོང་ཟུང་འབྲེལ་དམ་ཟབ་བྱེད་པ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུ་གཞི་རྟེན་དུ་བྱས་ནས་གསར་གཏོད་རང་བཞིན་གྱི་སྒོ་ནས་གླིང་སྒྲུང་གི་རིག་རྩལ་བྱེད་སྒོ་སྣ་ཚོགས་སྤེལ་བ་རེད། མང་ཚོགས་རྣམས་གླིང་སྒྲུང་རིག་གནས་སྲུང་སྐྱོང་རྒྱུན་འཛིན་གྱི་བྱ་འགུལ་ཁྲོད་ལ་རྒྱ་ཁྱབ་ངང་ཞུགས་པའི་དམིགས་བསལ་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། མཉེན་ཆས་དང་མཁྲེགས་ཆས་ལ་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་རྨང་གཞིའི་ལས་དོན་ཁག་གཏིང་ཟབ་དང་། ཞིབ་ཚགས། སྟོབས་ཆེར་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་བྱས་པ་རེད།བྱེད་སྒོ་སྤེལ་རིང་ལ་ཚང་མས་གླིང་སྒྲུང་གི་འཁྲབ་སྟོན་དང་། གླིང་སྒྲུང་གི་གཞས་གཏམ། གླིང་སྒྲུང་གྱེར་འདོན་སོགས་ལ་ལྟད་མོ་བལྟས་པར་མ་ཟད། རྟ་རྣ་དགོན་གྱི་གླིང་སྒྲུང་རྟེན་དངོས་བཤམས་སྟོན་ཁང་ལ་ལྟ་སྐོར་ཡང་བྱས་པ་རེད། དེའི་ནང་གི་ཕུན་སུམ་ཚོགས་པའི་འགྲེམས་དངོས་དང་། པར་རིས་དཔྱད་གཞི། འགྲེལ་བཤད་པས་ངོ་སྤྲོད་ཞིབ་ཕྲ་བྱས་པ་བརྒྱུད་ནས་ཚང་མར་གླིང་སྒྲུང་གི་ངོ་མཚར་གཏམ་རྒྱུད་དང་། བོད་རིགས་ཀྱི་ལོ་རྒྱུས་རིག་གནས། ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་བཅས་ཤེས་རྟོགས་གཏིང་ཟབ་ཐུབ་པ་བྱས་པ་རེད། ལྟ་སྐོར་བྱེད་རིང་ལ་ཚང་མས་སྤྲོ་སེམས་རབ་ཏུ་འཁོལ་བ་དང་བློ་རྩེ་གཅིག་སྒྲིམ་བྱས་ནས་རྩ་ཆེའི་རིག་དངོས་ལ་རྟག་ཏུ་ལྟ་སྐོར་བྱེད་པ་དང་ཕན་ཚུན་སྤེལ་རེས་དང་དཔྱད་བསྡུར་བྱེད་ཀྱིན་ཡོད་པ་རེད། ལྟ་སྐོར་མཇུག་བསྒྲིལ་རྗེས། རྟ་རྣ་དགོན་གྱི་གླིང་སྒྲུང་རྟེན་དངོས་བཤམས་སྟོན་ཁང་གིས་ཁོང་ཚོ་ལ་བག་ཆགས་ཟབ་མོ་བཞག་ཡོད། ཐད་ཀར་གྱི་མྱོང་ཚོར་གསར་པ་ཐོབ་བྱུང་། དེ་ནི་བརྗེད་པར་དཀའ་བའི་རིག་གནས་ཀྱི་མྱོང་ཚོར་ཞིག་རེད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད་ཀྱིན་འདུགད་ཐེངས་ཀྱི་བྱེད་སྒོ་ལས་རང་རྫོང་གིས་གླིང་སྒྲུང་གི་རིག་གནས་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་མཚོན་པ་དང་རྒྱ་ཆེའི་གླིང་སྒྲུང་རིག་གནས་སྲུང་སྐྱོང་བེད་སྤྱོད་ལས་དོན་པ་དང་སྒྱུ་རྩལ་པའི་ངོས་ནས་བརྗོད་ན་ལྕག་སྐུལ་ཧ་ཅང་ཆེན་པོ་ཐེབས་པར་མ་ཟད། སླད་ཕྱིན་ཚང་མར་གླིང་སྒྲུང་རིག་གནས་སྲུང་སྐྱོང་དང་བེད་སྤྱོད་ལས་དོན་སྔར་བས་ཡག་པོ་སྤེལ་ཆེད་ཡིད་ཆེས་དང་ངར་ཤུགས་འཕེལ་བར་བྱས་པ་རེད། སླད་ཕྱིན་ལོ་ངོ་སྟོང་གི་རིང་ལ་རྒྱུན་འཛིན་བྱས་པའི་ལོ་རྒྱུས་དང་རིག་གནས་ཀྱི་ཐོན་ཁུངས་གང་ལེགས་སྤྱད་དེ་གེ་སར་གྱི་གསོན་ཉམས་ལྡན་པའི་གཏམ་རྒྱུད་ཡག་པོ་བཤད་རྒྱུ་ཡིན་ཞེས་བཤད་པ་རེད།