ནང་ཆེན་རྫོང་གི་ཁྱད་ལྡན་ཞིང་ལས་ལྗང་མདོག་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་གཟབ་རྒྱས་ངང་སྒོ་འབྱེད་བྱས་པ།
འདྲེན་ཚིག ཟླ་11པའི་ཚེས་19ཉིན་གྱི་སྔ་དྲོ་ནང་ཆེན་རྫོང་གི་ཁྱད་ལྡན་ཞིང་ལས་ལྗང་མདོག་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞིའི་སྒོ་འབྱེད་མཛད་སྒོ་དེ་ནང་ཆེན་རྫོང་རྒྱལ་གཉེར་ཞིང་ར་ནང་དུ་གཟབ་རྒྱས་ངང་འཚོགས་པ་རེད། དེས་ནང་ཆེན་རྫོང་གི་སྐྱེ་ཁམས་ཞིང་ལས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྲ་ཞིང་བརྟན་པའི་གོམ་སྟབས་ཤིག་སྤོས་པ་མཚོན་ཡོད་པ་རེད། རྫོང་ཨུད་ཀྱི་ཧྲུའུ་ཅི་ཧྲི་ཏ་ཚུན་དང་། རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་ཤེས་རབ་རྒྱ་མཚོ། རྫོང་སྲིད་གཞུང་གི་ཧྲུའུ་ཅི་གཞོན་པ་ཟླ་བ་བཀྲ་ཤིས། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཧེ་ཧྥ་ཁྲུན། བློ་གྲོས་ཆོས་བསྟན་བཅས་དེ་བཞིན་རྫོང་དེ་ཡོངས་ཀྱི་རྫོང་རིམ་པ་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་། ཞང་གྲོང་ཁག་གི་ཏང་སྲིད་འགན་འཁུར་བློ་མཐུན། རྫོང་ཐད་གཏོགས་སྡེ་ཚན་ཁག་གི་འགོ་ཁྲིད་གཙོ་བོ་དང་ཁེ་ལས། མཉམ་ལས་ཁང་།འདེབས་འཛུགས་དུད་ཆེན་བཅས་ཁག་གཅིག་གི་འཐུས་མི་མཛད་སྒོར་ཞུགས་ཡོད་པ་རེད།དངོས་གཞི། རྫོང་ཨུད་ཀྱི་ཧྲུའུ་ཅི་ཧྲི་ཏ་ཚུན་དང་། རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་ཤེས་རབ་རྒྱ་མཚོ།རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་དཀོན་མཆོག་བདེ་ལྡན་སོགས་ཀྱིས་སྒོ་འབྱེད་མཛད་སྒོ་འཚོགས་པ་རེད།ཟླ་བ་བཀྲ་ཤིས་ཀྱིས་ཤིས་ཚིག་གསུངས་སྐབས་ནང་ཆེན་རྫོང་གི་ཁྱད་ལྡན་ཞིང་ལས་ལྗང་མདོག་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་ནི་ཞིང་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་བའི་སྒུལ་ཤུགས་གསར་པ་ཞིག་རེད། ལྗང་མདོག་ཚད་ལྡན་ཅན་གྱི་ཐོན་སྐྱེད་བྱས་པ་བརྒྱུད། ཞིང་ལས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཆེས་ཆེར་མཐོ་རུ་ཕྱིན་ནས་སྤྱིར་བཏང་གི་ཞིང་ལས་ཐོན་རྫས་དག་རྩེར་སོན་ཚོང་ཟོག་ཏུ་གྱུར་ཏེ་ཞིང་ལས་ཐོན་ལས་ལ་དཔལ་འབྱོར་གྱི་ཕན་འབྲས་དེ་བས་ཆེ་བ་ཐོན་རྒྱུ་རེད། ཞིང་པའི་ཡོང་འབབ་འཕར་བའི་ཐབས་ལམ་གསར་པ་ཞིག་ཡིན། རྟེན་གཞི་ཡོད་པས་ཉེ་འཁོར་གྱི་ཞིང་པའི་དུད་ཚང་ལ་ལས་ཞུགས་གོ་སྐབས་དང་ལག་རྩལ་མཛུབ་ཁྲིད་འབོར་ཆེན་བྱས་ནས་ཞིང་པ་རྣམས་སྒོ་འགྲམ་དུ་ལས་ཞུགས་ཐུབ་པ་བྱ་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་ཏུ་ཞིང་པའི་དུད་ཚང་གིས་རྟེན་གཞིའི་ཐོན་སྐྱེད་གཉེར་སྐྱོང་ནང་ཞུགས་པ་དང་ལྗང་མདོག་ཚད་ལྡན་ཅན་གྱི་ཐོན་སྐྱེད་ལག་རྩལ་སློབ་སྦྱོང་བྱས་ནས་ཐོན་འཕར་འབབ་འཕར་ཡོང་བ་བྱེད་པ་དང་། དེ་བས་ཀྱང་རང་རེའི་རྫོང་གི་གྲོང་གསེབ་དར་རྒྱས་གཏོང་བའི་འདེགས་སྐྱོར་གསར་པ་ཞིག་ཡིན། ཁྱད་ལྡན་ཞིང་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དེས་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ཐུབ་རྒྱུ་དང་། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་དང་རིམ་སྤོར་ལ་སྐུལ་འདེད་ཐུབ་རྒྱུ། གྲོང་གསེབ་དེ་བས་མཛེས་སྡུག་ལྡན་ལ་སྡོད་རྒྱུར་འཚམ་པ་དང་ཞིང་པ་དེ་བས་བདེ་སྐྱིད་ཕུན་སུམ་ཚོགས་པོ་ཡོང་རྒྱུ་བཅས་རེད།འབྱུང་འགྱུར་ལ་རེ་བས་ཁེངས་ཡོད། རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ནས རྫོང་ཡོངས་ཀྱིས་ཁྱད་ལྡན་ཞིང་ལས་ལྗང་མདོག་ཐོན་སྐྱེད་རྟེན་གཞི་གཞི་རྟེན་དུ་བྱས་ནས“བློ་བརྟན་འགྱུར་མེད་གསུམ”བྱེད་ཐུབ་པ་བྱས་ཏེ་རྫོང་ཡོངས་ཀྱི་ཞིང་ལས་སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། བློ་བརྟན་འགྱུར་མེད་ངང་ཞིང་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། ནང་ཆེན་རྫོང་ནི“ཡུས་ཧྲུའུ་འབྲུ་མཛོད”ཀྱི་ནུས་པ་འདོན་སྤེལ་བྱེད་པ། ཞིང་ལས་ཐོན་ཟོག་ལས་སྣོན་ཞིབ་ཚགས་བྱེད་པའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ། ཁྱད་ལྡན་ཞིང་ལས་ཐོན་ཟོག་གི་སྤུས་རྟགས་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་བཅས་བྱས་ཏེ་སྤུས་ལེགས་ཞིང་ལས་ཐོན་ཟོག་སྔར་བས་མང་བ“རང་ཁྱིམ་གྱི་ཐོན་རྫས་གྲོང་རྡལ་དུ་ཁྱེར་ནས་ཕྱིར་བཙོངས་བྱས་པ་”དང་“གཟབ་མཆོར་སྤྲས་ནས་ཐག་རིང་དུ་མནའ་མར་འགྲོ་བ”ལྟ་བུར་རོགས་རམ་བྱེད་པ། བློ་བརྟན་འགྱུར་མེད་ངང་ཞིང་པར་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་མངགས་འདེབས་ཞིང་ལས་དང་། རྟེན་གཞིའི་ལས་གཉེར། མྱུག་གསོ་འདེབས་གསོ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ཞིང་པ་རྣམས་ཐོན་ལས་ཀྱི་སྦྲེལ་ཐག་དང་རིན་ཐང་གི་སྦྲེལ་ཐག་ནང་གཏིང་ཟབ་ཞུགས་ཐུབ་པ་བྱས་ནས་ཞིང་ལས་ཐོན་ལས་ཅན་གྱི་འཕེལ་རྒྱས་ཀྱི་ཁེ་བཟང་མཉམ་སྤྱོད་ཐུབ་པ་བྱེད་དགོས། བློ་བརྟན་འགྱུར་མེད་ངང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་། ཁེ་ལས་ཀྱི་དཀའ་ངལ་ཟམ་མི་ཆད་པར་ཐག་གཅོད་བྱེད་རོགས་བྱེད་པ། ཁྲོམ་རའི་གཙོ་གཟུགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་གཞིས་ཆགས་སོགས་ཀྱི་སྲིད་ཇུས་རབ་དང་རིམ་པ་གནད་སྨིན་ཐད་གཏོང་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཉེ་བས་ཐག་རིང་ལ་དགའ་བ་སྐྱེ་མཁན་ཡོང་བའི་ཚོང་གཉེར་ཁོར་ཡུག་བཟང་པོ་གཏོད་དགོས།མཛད་སྒོ་མཇུག་གྲོལ་རྗེས་མཛད་སྒོར་ཞུགས་མཁན་གྱི་རིམ་ཁག་འགོ་ཁྲིད་ཀྱིས་རྟེན་གཞིའི་བྱེད་ནུས་ཁུལ་ཁག་དང་དྲོད་ཁང་ཆེ་མོར་ལྟ་སྐོར་བྱས་པ་རེད།ནང་ཆེན་རྫོང་གི་ཁྱད་ལྡན་ཞིང་ལས་ལྗང་མདོག་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞིར་མ་དངུལ་སྒོར་ཁྲི་4300བཏང་བ་དེས་སྤྱིའི་རྒྱ་ཁྱོན་མུའུ་763.6ཟིན་ཞིང་། དེའི་ནང་དྲོད་ཁང་ཆེ་མོ་སྟར་པ་53དང་། འཁྱག་སྦྲེལ་སོས་ཉར་མཛོད་ཁང་། མཐོ་སྒང་ལྗང་མདོག་སྔོ་ཚལ་དང་ནས་ཀྱི་ཞིབ་འཇུག་གསར་སྤེལ་ལྟེ་གནས། ཉོ་ཚོང་དྲོད་ཁང་། ས་བོན་མཛོད། ས་བོན་ལས་སྣོན་སྒྲིག་ཆས་མཛོད་ཁང་སོགས་ཚུད་ཡོད་པ་རེད།