རྫོང་ཨུད་ཀྱི་ཧྲུའུ་ཅི་ཧྲི་ཏ་ཚུན་གྱིས་མེ་ཟོན་རོགས་སྐྱོབ་མི་སྣ་ལ་འཚམས་འདྲི་ཞུས་པ།
འདྲེན་ཚིག རྒྱལ་ཡོངས་ཀྱི་མེ་ཟོན་ཉིན་མོ་ཐེངས་33པ་འཆར་ཉེར་ཡོད་པའི་སྐབས་དེར་ཟླ་11པའི་ཚེས་8ཉིན་རྫོང་ཨུད་ཀྱི་ཧྲུའུ་ཅི་ཧྲི་ཏ་ཚུན་གྱིས་རུ་སྣེ་འཁྲིད་དེ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་དུ“རྒྱལ་ཡོངས་ཀྱི་མེ་ཟོན་ཉིན་མོའི”འཚམས་འདྲིའི་བྱེད་སྒོ་སྤེལ་ཞིང་། རྫོང་ཨུ་དང་། རྫོང་མི་དམངས་འཐུས་ཚོགས། རྫོང་སྲིད་གཞུང་། རྫོང་སྲིད་གྲོས་བཅས་ཀྱི་ཚབ་ཞུས་ཏེ་མེ་ཟོན་བཀོད་འཐབ་པ་དང་། ཆེད་འགན་མེ་ཟོན་རུ་མི། མེ་ཟོན་གྱི་འཐབ་ཕྱོགས་ཐོག་ལ་ཧུར་ཐག་བྱེད་མཁན་ལས་དོན་མི་སྣ་གཞན་དག་བཅས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུས་པ་རེད།
དངོས་གཞི། འཚམས་འདྲི་བྱེད་རིང་ལ་ཧྲི་ཏ་ཚུན་དང་བཅས་པས་དཔུང་ཁག་འཛུགས་སྐྱོང་དང་། ལས་སྒྲུབ་གྲ་སྒྲིག་བྱེད་པ། སློབ་སྦྱོང་གསོ་སྦྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་ཉེ་བའི་ལོ་ཤས་རིང་ལ། རྫོང་དེ་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས“གནོད་འཚེའི་རིགས་ཚང་མ་དང་འཕྲལ་སྡོམ་ཆེན་པོའི”དུས་རབས་ཀྱི་བླང་བྱར་གཞི་ཚུགས་ཏེ་ལྷག་བསམ་རྣམ་དག་གིས་འགན་འཁྲི་དང་ལས་འགན་བསྒྲུབས་ནས་བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་བ། གནོད་འཚེ་དང་ལས་འཛོལ་སྣ་ཚོགས་ལ་ཁ་གཏད་གཅོག་པ་དང་ཐག་གཅོད་བྱེད་པ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ཐད་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་ཅེས་གསུངས་པ་རེད། དེ་དང་ཆབས་ཅིག་ཏུ་རྫོང་དེ་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་ནང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་པ། སྤྱི་ཚོགས་ཀྱི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཐད་ལ་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད།
ཧྲི་ཏ་ཚུན་གྱིས་མེ་ཟོན་རོགས་སྐྱོབ་མི་སྣ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཙིན་ཕིང་གི་བཀའ་སློབ་གལ་ཆེན་གྱི་དགོངས་དོན་མུ་མཐུད་དུ་ལག་ལེན་དང་ལག་བསྟར་བྱེད་པ། བླ་ན་མེད་པའི་འགན་འཁྲི་འཁུར་ནས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ། ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་ཕྱོགས་གཅིག་གི་དུས་བདེ་དང་ས་གནས་གཅིག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་རང་རྟོགས་ངང་འཁུར་བ་དང་།དཀའ་སྤྱད་འབད་འཐབ་དང་། ལེགས་སྐྱེས་འབུལ་ཕོད་པ། རང་སྲོག་བློས་གཏོང་ཕོད་པ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་མེ་ཟོན་སྙིང་སྟོབས་དར་སྤེལ་གཏོང་བ། མེ་ཟོན་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་ཆུ་ཚད་དང་ཕྱོགས་བསྡུས་རོགས་སྐྱོབ་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་བཅོས་སྒྲིག་དང་། མཉམ་འགོག་མཉམ་བཅོས་གཏིང་ཟབ་ཏུ་གཏོང་བ། བཅོས་སྐྱོང་བྱེད་སྟངས་གསར་གཏོད་བཅས་ཀྱི་ཐད་ལ་གནད་སྨིན་ཤུགས་འདོན་བྱེད་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ལ་ལྷག་བསམ་རྣམ་དག་དང་། སྒྲིག་ཁྲིམས་ནན་པོ། རང་སྲོག་བློས་གཏོང་ཕོད་པ། བློ་གཅིག་སེམས་གཅིག་གིས་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་བསམ་པའི་ཉམས་འགྱུར་དང་བླ་ན་མེད་པའི་བརྩེ་སེམས་མཚོན་པར་བྱེད་པ། རྫོང་དེ་ཡོངས་ཀྱི་མེ་ཟོན་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་བཅས་བྱས་ནས་སྐྱོན་བྲལ་དང་དེང་རབས་བདེ་སྐྱིད་ཀྱི་ནང་ཆེན་གསར་པ་ཞིག་སྐྲུན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
རྫོང་གི་འགོ་ཁྲིད་ཏིང་ཀྲུང་ཅང་དང་། དཀོན་མཆོག་བདེ་ལྡན། མཚོ་དགའ། སྐྱིད་བཟང་པོ། ཚེ་རིང་བཟང་པོ། ཀུན་བཟང་ཚེ་བསྟན། དེ་བཞིན་རྫོང་ཨུའི་གཞུང་དོན་ཁང་གི་འགན་འཁུར་བློ་མཐུན་བཅས་འཚམས་འདྲིའི་བྱེད་སྒོར་ཞུགས་པ་རེད།