དྲེད་མོང་ནི་རང་རྒྱལ་དང་ཐ་ན་འཛམ་གླིང་ཁྱབ་ཁོངས་ནང་གི་སྲུང་སྐྱོང་སྲོག་ཆགས་ཤིག་རེད། ཇི་ལྟར་བྱས་ནས་གཏོར་བརླག་ནུས་པ་དང་ཉེན་ཁའི་རང་བཞིན་ཆེན་པོ་ལྡན་པའི་སྲུང་སྐྱོབ་སྲོག་ཆགས་དེ་དག་དང་དུས་ཡུན་རིང་པོར་མཉམ་གནས་ཐུབ་ཐབས་བྱེད་པ་དེས་ང་ཚོས་རང་བྱུང་ཁམས་ལ་བསྟུན་པ་དང་རང་བྱུང་ཁམས་ལ་ཁ་གཏད་གཅོག་པའི་ནུས་པར་ཚོད་བགམ་ཐེབས་ཡོད། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ནི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་ལྟེ་བའི་ཁུལ་དུ་གནས་པ་དང་། རྒྱལ་ཁབ་ཀྱི་འབྱུང་ཁམས་སྲུང་སྐྱོང་གི་ཕྱོགས་བསྡུས་ཚོད་ལྟའི་ཁུལ་ཞིག་རེད།
ས་གནས་དེ་གའི་ཅུང་མངོན་གསལ་དོད་པའི་དྲེད་མོང་གིས་གཏོར་བརླག་བཏང་བའི་གནད་དོན་ལ་དམིགས་ཏེ། པེ་ཅིང་སློབ་ཆེན་གྱི་ཚན་ཞིབ་ཚོགས་པ་དང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གིས་མཉམ་ལས་བྱས་ནས། དྲེད་མོང་འགོག་པའི་ལག་རྩལ་དང་སྒྲིག་ཆས་འདྲ་མིན་སྣ་ཚོགས་ཞིབ་འཇུག་གསར་སྤེལ་བྱས་པ་དང་། ནང་ཆེན་རྫོང་གི་ཚོད་ལྟའི་ཁུལ་དུ་ལག་ལེན་བསྟར་ཡོད།
གསར་འགོད་པས་ཚན་ཞིབ་མི་སྣ་དང་མཉམ་དུ་མཚོ་འཕགས་སྨི་4000ལྷག་ཙམ་ཡོད་པའི་ནང་ཆེན་རྫོང་འབྲོང་ཤོག་ཤང་ཚྭ་ཁ་གྲོང་ཚོའི་འབྲོག་ཁུལ་དུ་བསྐྱོད་པ་དང་། དེ་ཁུལ་གྱི་འབྲོག་པས་དགུན་མཚེར་ཞེས་འབོད་པའི་ས་ཆ་དེ་ནི་དགུན་དུས་ཀྱི་ཕྱུགས་འཚོ་བའི་རྩྭ་ར་ཡིན་ལ། དགུན་དུས་མ་གཏོགས་ཕྱུགས་རིགས་མཐོང་དཀོན་པོ་ཡིན།
རྩྭ་རའི་ཉེ་འཁོར་གྱི་སྡོད་ཁང་ནང་འཚོ་བའི་དངོས་རྫས་འགའ་ཤས་ཕུད། སྤྱིར་ན་སྡོད་མཁན་མེད་ཅིང་། ཁང་སྟོང་དེ་དག་དྲེད་མོང་འཛུལ་རྒྱུར་དགའ་བའི་ས་ཆར་གྱུར་བ་དང་། དུས་རྣམ་ཀུན་ཏུ་གཏོར་བརླག་རང་བཞིན་གྱི་ཉེན་ཁ་འཕྲད་ཀྱིན་ཡོད།
སྤྱི་ལོ་2023ལོ་ནས་བཟུང་། ཚན་ཞིབ་ཚོགས་པས་འབྲོག་པ་ཚོར་དམིགས་བསལ་གྱི་སྒོ་དང་སྒེའུ་ཁུང་ཞིག་བཀོད་སྒྲིག་བྱས་ཡོད། སྒོ་དང་སྒེའུ་ཁུང་དེ་རིགས་ཕྱི་ཚུལ་ནས་བལྟས་ན་སྟབས་བདེ་ལ་ལྟ་སྣང་དོད་ཁར། ཁང་བདག་དེ་གར་ཡུན་རིང་མ་བསྡད་པར་དབྱར་སར་འགྲོ་དགོས་ཚེ། སྒོ་དང་སྒེའུ་ཁུང་བརྒྱབ་ན་དྲེད་མོང་ཁང་པའི་ནང་འཛུལ་རྒྱུར་འགོག་ཐུབ་ཀྱི་ཡོད།
ཞིབ་པར་བལྟས་ཚེ། དམིགས་བསལ་གྱི་སྒོ་དང་སྒེའུ་ཁུང་དེ་ལྕགས་ལེབ་གཉིས་ལས་གྲུབ་པ་ཞིག་ཡིན་པ་དང་། སྒེའུ་ཁུང་དང་གྱང་གཉིས་བར་ལ་སྲུབས་ཀ་སྤུ་ཙམ་མ་ཟད་འབར་འབུར་ཡང་མེད་པས། དྲེད་མོང་ལུས་སྟོབས་ཇི་ཙམ་ཆེ་རུང་སྒེའུ་ཁུང་བརྟོལ་དཀའ་བར་བརྟེན་འབྲོག་པའི་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།
དྲེད་མོང་འགོག་པའི་སྒེའུ་ཁུང་ལ་ཚན་ཞིབ་ཚོགས་པས“དངོས་ལུགས་ཀྱི་དྲེད་འགོག”ཅེས་བརྗོད་ཀྱི་ཡོད་པ་དང་། གཞན་ད་དུང་སྙོམས་སྒྲིག་ཚོད་ལྟ་བྱེད་བཞིན་པའི“AIརིག་ནུས་དབྱེ་འབྱེད་སྔོན་བརྡ”ཞེས་པའི་ཚན་རྩལ་མཐོ་བའི་དྲེད་འགོག་ལག་རྩལ་ལ་ཡང་ཕན་འབྲས་ཡག་པོ་ཐོན་ཡོད། ཕྱི་ཚུལ་ནས་བལྟས་ཚེ། དྲེད་འགོག་སྒྲིག་ཆས་དེ་རིགས་དང་ལྟ་སྐུལ་ཚོད་འཛིན་བརྙན་མིག་དཀྱུས་མ་གཉིས་ལ་ཁྱད་པར་མངོན་གསལ་དོད་པོ་མེད་མོད། འོན་ཀྱང་དེ་དག་གིས་བཙན་གྱིས་འཛུལ་བའི་དྲེད་མོང་ལ་དབྱེ་འབྱེད་གསལ་པོ་བྱེད་ཐུབ་པ་མ་ཟད། དུས་ཐོག་ཏུ་སྔོན་ཚུད་ཉེན་བརྡའི་བརྡ་རྟགས་ཀྱང་གཏོང་ཐུབ་ཀྱི་ཡོད།
དྲེད་མོང་འགོག་པའི་སྒོ་དང་སྒེའུ་ཁུང་ནི་ཧའོ་སྨི་5ཡན་གྱི་ལྕགས་ལེབ་མཐུག་པོ་ཆ་ཚང་ཞིག་སྤྱད་ཡོད་པས། སྡེར་མོ་དང་མཆེ་བས་གཏོར་བརླག་གཏོང་ནུས་འགོག་ཐུབ་ཀྱི་ཡོད། དེ་དང་ཐ་དད་དུ་AIརིག་ནུས་ལག་རྩལ་གྱི་རྩ་བའི་རིག་པ་ནི་དྲེད་མོང་མི་འདྲ་བའི་གཟུགས་གཞིའི་ཁྱད་ཆོས་ཀྱི་གྲངས་གཞི་དང་། དུས་སྐབས་མི་འདྲ་བའི་སྤུ་མདོག་དང་དེ་བཞིན་བྱ་འགུལ་གྱི་ཁྱད་ཆོས་སོགས་འཚོལ་བསྡུ་བྱས་ནས། AIཡི་དཔེ་དབྱིབས་བཟོས་རྗེས། དམར་ཕྱིའི་པར་ཆས་བརྒྱུད་པར་བླངས་པའི་བྱེས་སྐྱེས་སྲོག་ཆགས་ཀྱི་གཟུགས་བརྙན་དང་བསྡུར་བ་བཏང་སྟེ། དྲེད་མོང་མགྱོགས་མྱུར་དབྱེ་འབྱེད་ཐུབ་པ་དང་འབྲེལ་འབྲེལ་ཡོད་མི་སྣར་སྔོན་ཚུད་ཉེན་བརྡ་གཏོང་གི་ཡོད་པ་རེད།
原文来源:央视新闻 审稿:达瓦次仁 编译:扎西昂江 制作:娜科