གཅེས་ཕྲུག་མ།
ཚིག རྒྱལ་མོ་པདྨ་དོན་གྲུབ།
དབྱངས། པདྨ།
ལེན་མཁན། བསང་སྐལ་བྷེ།
གླུ་ཚིག་བཅོས་སྒྲིག ཁ་གྱའི་ཁྱུང་སྔོན།
ང་འཇིག་རྟེན་མི་ལུས་ཐོབ་དང་གཅིག།
དུས་སྐལ་བ་བཟང་བོར་འཕྲད་དང་གཉིས།།
བུ་རེ་བ་ཅན་ཞིག་འཁྱོངས་དང་གསུམ།།
ཚེ་སྔོན་མས་བསགས་པའི་བསོད་ནམས་རེད།།
ལས་བཟང་བས་གངས་ཅན་བོད་ནས་སྐྱེས།།
བོད་ཆོས་ལྡན་དག་པའི་ཞིང་ཁམས་རེད།།
ང་འགྲོ་ས་འདུག་ས་གང་སྐྱིད་ཡིན།།
འདི་ཚེ་སྔོན་ལས་ཀྱིས་བཀོད་པ་རེད།།
ང་མྱི་ཆུང་བསམ་པའི་དོན་གྲུབ་ཡིན།།
ནང་སྤུན་ཟླའི་ཁྲོད་ཀྱི་རྩིས་ཆེན་ཡིན།།
ཁྱིམ་བཟའ་ཚང་སྐྱིད་ལ་སྐུར་མཁན་ཡིན།།
ལས་བསོད་ནམས་ཅན་ཆེ་ལ་བསམ་དོན་འགྲུབ།།
ཡར་དཀོན་མཆོག་ཞིང་ལ་གསོལ་བ་བཏབ།།
མར་དབུལ་ཕོངས་རྣམས་ལ་སྦྱིན་པ་བཏང་།།
བསྒུགས་བསྒུགས་པའི་ཉིན་བཟང་སྐར་བཟང་ལ།།
གནམ་སྔོན་མོས་ང་ལ་གཅེས་ཕྲུག་གནང་།།
ནངས་སྔ་མོ་ཉི་རྩེ་བྲག་ལ་ཤར།།
བྱ་སྐྱ་ཀ་ཁྲ་མོས་མགྲོན་བརྡ་བཏང་།།
ཟླ་དྲུག་པར་མེ་ཏོག་བཞད་དུས་སུ།།
དྲིན་ཨ་མའི་པང་ནས་སྐྱེས་ནི་རེད།།
ཁྱོད་ཨ་ཕའི་སེམས་ཀྱི་ནོར་བུ་ཡིན།།
ཁྱོད་ཨ་མའི་ཐོད་པའི་མིག་ཟུང་ཡིན།།
ཡུལ་ཕ་མ་གཉིས་ཀྱི་སེམས་རྟེན་ཡིན།།
ཁྱོད་གཡང་ཁྱིམ་གང་བོའི་གཅེས་ཕྲུག་ཡིན།།
ཁྱོའི་སྣ་ལུད་ལྕེ་ཡིས་ལྡག་ནི་རེད།།
ཁྱོའི་འཕོང་མགོ་ལག་པས་ཕྱིས་ནི་རེད།།
ཤ་མཆིན་པ་གླན་ནས་སྙོར་ནི་རེད།།
ལག་ཆགས་ཙུག་འདོད་ནས་དགའ་ནི་རེད།།
ཟས་གང་ཞིམ་གང་བཟང་ཁྱོད་ལ་བྱིན།།
གོས་གང་ཡག་གང་ཞོར་ཁྱོད་ལ་བསྐོན།།
ཚིག་གང་འཇམ་གང་སྙན་ཁྱོད་ལ་བཤད།།
རྒྱུ་གང་ཡོད་ཁྱོད་ལ་བཏང་ནི་རེད།།
རྒྱུ་ནོམ་པར་སེར་སྣ་མ་བྱས་ཟིག།
ལུས་དཀའ་སྡུག་ཀུན་ལ་མ་འཛེམ་ཟིག།
སྲོག་དམར་པོ་ཁྱོད་ལ་གཏོང་དགོས་རུང་།།
བློ་ཐེ་ཚོམ་ཡིད་ལ་སྐྱེས་མ་མྱོང་།།
ང་རྒྱལ་ཁམས་འགྲིམས་ནས་འགྲོ་དུས་ན།།
ང་སྡེ་མཐའ་བསྐོར་ནས་ཡོང་དུས་སུ།།
ཐག་རིང་ཐུང་གང་ལ་འགྲོ་དུས་ན།།
ངའི་ཡ་ཆུང་སེམས་ནས་གཅེས་ལོ་དྲན།།
ཕ་ཤེས་རྒྱ་ཅན་གྱིས་བསྐྱངས་ནས་ཡོང་།།
མ་བྱང་སེམས་ཅན་གྱིས་གཉོར་ནས་ཡོང་།།
བཟའ་མགོ་ལུས་འཛོམས་པའི་གཞིས་ཁྱིམ་ནས།།
ཁྱོད་ལང་ཚོའི་མེ་ཏོག་སྨིན་ནི་རེད།།
ཁྱོད་ད་ལོ་མོ་ལོ་བཅོ་ལྔ་རེད།།
བོད་ཁ་བ་ཅན་གྱི་ལུགས་སྲོལ་ལ།།
མ་བུ་མོ་བཅོ་ལྔར་ལོན་དུས་ན།།
སྨན་བུ་མོ་གནས་ལ་འགྲོ་རན་རེད།།
ལོ་བཅོ་ལྔ་ཉི་ཤུར་ལོན་དུས་ན།།
འགྲོ་བསམ་ན་རྒྱང་ལམ་ཆོད་དུས་རེད།།
ལས་བསམ་ན་ཤེད་ཤུགས་ཡོད་དུས་རེད།།
འདང་བརྒྱབ་ན་རིག་པ་རྣོ་དུས་རེད།།
ང་ཕ་རྒན་ལྔ་བཅུར་སྐེ་སོ་རེད།།
ལོ་ལྔ་བཅུ་མི་ཚེའི་ཕྱེད་ཀ་རེད།།
དཔེ་བཞག་ན་ཉིན་གུང་ཉི་མ་འདྲ།།
འདི་སྔ་དྲོ་མིན་རུང་ཕྱི་དྲོ་མིན།།
ཁྱོད་ཡར་སྐྱེས་སྡོང་བོ་སྡོང་གསར་རེད།།
ང་མར་རྒུད་སྡོང་བོ་སྡོང་སྐམ་རེད།།
དུས་དེ་རིང་ཉི་མའི་ཉིན་གུང་ལ།།
ངས་བུ་མོ་ཁྱོད་ལ་ཁ་བརྡ་བྱ།།
ངའི་སྙིང་དང་འདྲ་བའི་གཅེས་ཕྲུག་མ།།
ཁྱོའི་རྣ་བ་མ་གཡེང་ང་ལ་ཉོན།།
ངས་གོ་རྒྱུ་ཅན་གྱི་ཚིག་འགའ་བཤད།།
ངས་དོན་སྙིང་ལྡན་པའི་དོན་ཞིག་བཅོལ།།
ངས་སྙིང་གཏམ་ཕ་མར་མ་བཤད་ཟིག།
ངས་སེམས་གཏམ་ན་ཟླར་མ་བཤད་ཟིག།
ངས་བཟའ་གཏམ་སྐྱ་ཡ་མ་བཤད་ཟིག།
དུས་དེ་རིང་བུ་མོ་ཁྱོད་ལ་བཤད།།
སྐྱིད་རྟ་ཕོ་ཞོན་ནས་སོང་ནི་ཡིན།།
ནང་སྤུན་ཟླ་མཉམ་དུ་རྩེད་ནས་སོང་།།
གཙོ་སྒྲིག་པ་དབུ་ནག་བོད།
▼
ངེད་དབུ་ནག་བོད་ཚང་གི་འཕྲིན་སྟེགས་འདི་ནི་དབུ་ནག་བོད་སྒྲ་སྙན་སྒྲིག་སྦྱོར་ཁང་གི་དོ་དོམ་བྱས་ཡོད་པའི་སྤྱི་སྟེགས་ཤིག་ཡིན་ལ་ཚོང་ཁང་འདིར་ཀུ་ཤུ་དང་སྐར་གསུམ་སོགས་ཀྱི་ཁ་པར་སྣ་ཚོགས་ཞིག་གསོ་དང་ཉོ་ཚོང་བྱེད་ཀྱིན་ཡོད་པ་དང་། ཤུབས་དང་འཆར་ངོས། གློག་བསོགས་ཆས་སོགས་བཙོང་རྒྱུ་ཡོད། སྐུ་ཉིད་ཀྱི་རེ་འདུན་ལྟར་ཁ་པར་ནང་དུ་ཡིག་གཟུགས་སྣ་ཚོགས་དང་། གཟུགས་དང་སྒྲ། མ་ལག་སྣ་ཚོགས་ནང་འཇུག་དང་ཕབ་ལེན་བྱེད་ཀྱིན་ཡོད་པར་མ་ཟད། བོད་ཆོལ་ཁ་གསུམ་གྱི་གཞས་པ་གཞས་མ་ཚོའི་ཆེད་བསྒྲིགས་དང་དགོངས་ཚོགས་སོགས་སྡེབ་ཚོང་དང་སིལ་ཚོང་བྱེད་ཀྱིན་ཡོད། གཞན་བོད་ཀྱི་གོས་ལྭ་དང་རྒྱ་ལྭ། ཕོ་མོའི་ཞྭ་རིགས་དང་ལྷམ་རིགས་སོགས་ཀྱང་བཙོང་རྒྱུ་ཡོད་པས་ཁྱེད་རྒྱ་ཆེའི་མཛད་སྤྱོད་པ་དག་དུས་ལྟར་ཕེབས་པར་དགའ་བསུ་ཞུ།
དབུ་ནག་བོད་ཚང་སྤྱི་སྟེགས།