བོད་ཀྱི་ད་ཡོད་གྲུབ་མཐའ་དག་གི་སྣང་བརྙན་དགའ་གཅིག་འདར་གཅིག།
ས་སྐྱ་པ་མཁས་ཁྱད་ཆེ་བས་བཅུ་ཕྲག་རིག་པའི་ཁུངས་སུ་གྱུར།
དགེ་ལུགས་པ་ཚུལ་སྤྱོད་གཙང་བས་འདུལ་བསྟན་དམ་པའི་རྒྱན་དུ་གྱུར།
བཀའ་བརྒྱུད་པ་ཆོས་བརྒྱུད་ཟབ་པས་ཆོས་པ་རྣལ་མའི་ཚད་དུ་ཕྱིན།
རྙིང་མ་པ་མཐུ་ནུས་བཙན་པས་རྒྱལ་བསྟན་སྲུང་བའི་ལྕགས་རིར་གྱུར།
ཇོ་ནང་པ་ཉམས་ལེན་བཟང་བས་སྦྱོར་དྲུག་ཟབ་ཚད་མཐའ་རུ་ཕྱིན།
བོན་པོ་རྣམས་ལོ་རྒྱུས་རིང་བས་བོད་ཀྱི་རིག་པའི་རྩ་བར་གྱུར།
ས་སྐྱ་པས་རིགས་རྒྱུད་སྲུང་བས་ཕོ་མོ་ཀུན་ཁྲི་ལ་བཀོད།
དགེ་ལུགས་པ་ང་རྒྱལ་བཙན་པས་སུ་འབུར་ན་མགོ་གནོན།
བཀའ་བརྒྱུད་པས་ཁྲི་བརྩད་ནས་རང་བསྟན་དེ་སིལ་བུར་བཏང་།
རྙིང་མ་པ་ཀུན་སྤྱོད་རྩིང་པས་གསང་སྔགས་ལོག་པར་སྤྱོད།
ཇོ་ནང་པ་ཨ་གསར་ཆེ་བས་རང་ཉིད་དོར་ནས་ཡས་མས་བསྙེགས།
བོན་པོ་ཚོས་ཚུགས་མི་ཐུབ་པར་གཞན་ཁྲོད་ན་བཙན་གྱིས་འཚང་།
༼བོད་ཀྱི་ད་ཡོད་གྲུབ་མཐའ་དག་གི་སྣང་བརྙན་དགའ་གཅིག་འདར་གཅིག༽ཅེས་པ་འདིའང་ཀུ་རེ་ལ་བདེན་དོན་གྱིས་རྒྱས་བཏབ་སྟེ་ཀུ་ས་ལི་པ་དྷཱི༔ལྷ་ལྡན་དུ་འབོད་པས་ཕུལ། ཁྱོད་ཅག་གིས་སྔ་མ་དག་ཀློག་སྐབས་སེམས་ལ་བདེ་བ་དང་ང་རྒྱལ་བག་རེ་སྐྱེས་ངེས་མོད། ཕྱི་མ་དག་ཀློག་དུས་སེམས་མི་བདེ་ཞིང་ཁོང་ཁྲོ་བའི་ཁོག་འདར་རེ་ཡང་ངང་གིས་འབྱུང་ངེས་པས་དགའ་གཅིག་འདར་གཅིག་ཅེས་ཀྱང་མིང་བླ་དྭགས་སུ་བཏགས་སོ། །